བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་རྒྱལ་སྤྱིའི་རྩེད་འགྲན་ལྷན་ཚོགས་ཀྱིས་སྐོང་ཚོགས་བྱས་པའི་སྐྱེས་མའི་སྤྱི་ལེ་བཅུའི་འདུར་རྒྱུག་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་འདུག
ཁ་སང་ཕྱི་ཚེས་ ༡༦ ཉིན་ཡུ་རོབ་རྒྱལ་ཁབ་སི་པན་གྱི་རྒྱལ་ས་མན་ཌི་རེ་ཌིར་འཚོགས་པའི་རྒྱལ་སྤྱིའི་རྩེད་འགྲན་ལྷན་ཚོགས་ཀྱིས་སྐོང་ཚོགས་བྱས་པའི་གསེར་གྱི་རྟགས་མའི་འདུར་རྒྱུག་འགྲར་སྡུར་ལས། བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ་ ༡༠ ཡི་སྐྱེས་མའི་འདུར་རྒྱུག་ཁྲོད་དུས་ཡུན་སྐར་མ་ ༤༣ དང་སྐར་ཆ་ ༧ གྲུབ་འབྲས་བླངས་ནས། སྐྱེས་མའི་འདུར་རྒྱུག་འགྲན་སྡུར་གྱི་ཨང་དང་པོ་སྟེ་གསེར་གྱི་རྟགས་མ་བླངས་ཡོད་པ་རེད།
ཡང་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་ཡུ་རོབ་རྒྱལ་ཁབ་ (Slovakia) ནང་འཚོགས་པའི་རྒྱལ་སྤྱིའི་གསེར་གྱི་རྟགས་མའི་སྐྱེས་མའི་སྤྱི་ལེ་ ༣༥ ཡི་འདུར་རྒྱུག་ཁྲོད། བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་དུས་ཡུན་ཆུ་ཚོད་གཉིས་དང་སྐར་མ་ ༤༣་དང་སྐར་ཆ་ ༦ གི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་བླངས་ཤིང་། དེ་བཞིན་འདུར་རྒྱུག་འགྲན་སྡུར་དེའི་ཁྲོད། བོད་རིགས་བུ་མོ་ཀླུ་མོ་མཚོས་ཨང་རིམ་གསུམ་བླངས་ཡོད་འདུག་ལ། ཕ་ཡུལ་མཚོ་སྔོན་ཡ་རྫི་རྫོང་རྡོ་སྦིས་ནས་ཡིན་པའི་ཀླུ་མོ་མཚོ་ནི། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་ནང་བསྡུས་པའི་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེས་མའི་འདུར་རྒྱུག་ཁྲོད་ཟིན་ཐོ་གསར་པ་བཏོད་མྱོང་བའི་བོད་རིགས་ལུས་རྩལ་བ་ཞིག་ཡིན་པ་རེད།
གཞན་ཡང་། ཕྱི་ཟླ་ ༣ པའི་ནང་། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཕྱི་ལོ་ ༢༠༡༢ ལོའི་ཨོ་རྩལ་རྟགས་མའི་སྐྱེས་མའི་འདུར་རྒྱུག་ཁྲོད། ཨང་དང་པོ་ཐོབ་མཁན་ཨུ་རུ་སུའི་རྩེད་འགྲན་པ་ (Yelena Lashmanova) ཡིས་ལུས་སྟོབས་སྐྱེད་པའི་སྨན་རྫས་སྤྱད་པའི་ཉེས་མིང་འོག ཁོ་མོའི་གསེར་གྱི་རྟགས་མ་ཕྱིར་འཐེན་བྱས་ཏེ། སྐབས་དེར་ཨང་རིམ་གཉིས་པ་ཐོབ་མཁན་ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།
བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས། ད་སྔ་བར་ཨོ་རྩལ་འགྲན་ཚོགས་གཙོ་བྱས་པའི་ཡུ་རོབ་དང་ཨ་རི། ཨེ་ཤ་ཡ་སོགས་ཀྱི་འདུར་རྒྱུག་འགྲན་སྡུར་ཁྲོད་གསེར་དངུལ་ཟངས་གསུམ་གྱི་གཟེངས་རྟགས་མི་ཉུང་བ་ཞིག་བླངས་མྱོང་ཞིང་། རྒྱལ་སྤྱིའི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་བོད་པའི་བུ་མོའི་ངོ་གདོང་ལྟ་བུར་གྱུར་བའི་ཆོས་དབྱིངས་སྐྱིད་ཕུད་པའི་དེང་སང་བོད་ཕྱི་ནང་གཉིས་སུ་ལུས་རྩལ་དང་འབྲེལ་བའི་མི་ཚེ་མདུན་ལམ་འཚོལ་མཁན་གྱི་བུ་མོ་མང་པོ་ཞིག་ཡོང་གི་ཡོད་པ་རེད།
ཆོས་དབྱིངས་སྐྱིད་ནི་ཕྱི་ལོ་༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་བོད་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མཚོ་བྱང་སྡེ་བ་རུ་སྐྱེས་ཤིང༌། ས་གནས་སློབ་ཆུང་ལོ་རིམ་ལྔ་བའི་བར་སོང་བ་དང་། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་འཛིན་རིམ་བདུན་པའི་བར་བསྐྱོད། དེའི་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར། ཕྱི་ལོ་ ༢༠༠༦ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་མགོ་འཛུགས་བྱས། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༧ པར་ཁོ་མོ་རྒྱ་ནག་གི་ལུས་རྩལ་རུ་ཁག་ཏུ་འཛུལ་ཞུགས་བྱས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།