རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ནང་སྤང་གོང་མཚོ་ཁུལ་དུ་ཟམ་པ་ཞིག་བརྒྱབ་ཟིན་ཡོད་པ་དང་ད་ལྟ་ཡང་བོད་རུ་ཐོག་རྫོང་དམག་ཆས་མཛོད་ཁང་ནས་མེ་སྒྱོགས་སོགས་དབོར་འདྲེན་བྱེད་མཁན་རླངས་འཁོར་ཆེ་གྲས་ཀྱང་འགྲོ་ཐུབ་པའི་དམག་སྤྱོད་ཟམ་པ་ཞིག་རྒྱག་བཞིན་ཡོད་འདུག
དེ་རིང་རྒྱ་གར་གྱི་གསར་ལམ་པི་རིན་ཊི་ནང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གི་དམག་མིའི་དབར་གདོང་ཐུག་བྱུང་སའི་བོད་ཧིན་ས་མཚམས་སུ་འཁེལ་བའི་ལ་དྭགས་ཀྱི་སྤང་གོང་མཚོ་ཁུལ་དུ་རྒྱ་ནག་གཞུང་གིས་ཡང་བསྐྱར་ཟམ་པ་ཞིག་རྒྱག་བཞིན་ཡོད་པ་དང་། ད་ལན་གྱི་ཟམ་པ་དེ་ནི་ཉེ་ཆར་བརྒྱབ་ཟིན་པའི་ཟམ་པ་ལས་རྒྱ་ཆེ་བ་མ་ཟད། ཟམ་པ་དེར་མེ་སྒྱོགས་ཀྱིས་མཚོན་པའི་དམག་གི་རླངས་འཁོར་ཆེ་གྲས་བསྐྱོད་ཐུབ་པའི་ནུས་པ་ལྡན་ཡོད་འདུག
རྒྱ་གར་གྱི་རྒྱལ་སྲུང་དང་བདེ་འཇགས་ཚན་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགྱུར་བརྒྱུད་ལམ་དེར་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལན་གྱི་དམག་དོན་ཟམ་པ་གསར་པ་དེ་ནི་ཉེ་ཆར་གསར་རྒྱག་བྱས་ཟིན་པའི་ཟམ་པ་དེའི་འཁྲིས་ལ་ཡོད་པ་མ་ཟད། ཟམ་པ་དང་པོ་དེ་འཛུགས་སྐྲུན་འཕྲུལ་ཆས་རིགས་དབོར་འདྲེན་གྱི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག་ལ། ཟམ་པ་དང་པོ་དེར་དམག་མི་དང་རླངས་འཁོར་ཆུང་གྲས་མ་གཏོགས་དབོར་འདྲེན་བྱེད་ཐུབ་ཀྱི་མེད་ནའང་། རྒྱ་ནག་གིས་ཟམ་པ་གསར་པ་དེ་དམག་མི་ཙམ་དུ་མ་ཟད་མཚོན་ཆ་ལྡན་པའི་རླངས་འཁོར་ཆེ་གྲས་རིགས་གང་མྱུར་བསྐྱོད་ཐུབ་པའི་ཆེད་དུ་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་མ་ཟད། ཕྱོགས་གཞན་ནས་ཕྱི་ལོ་ ༢༠༢༠ ལྟར་གྱི་གནད་དོན་བྱུང་སྐབས་རྒྱ་ནག་ལ་དམག་གི་འགུལ་སྐྱོད་ཀྱི་ཐད་ལ་ཁེ་ཕན་ཆེ་བ་ཐོབ་ཆེད་ཡིན་པ་རེད་འདུག
ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ཀྱི་སྤང་གོང་མཚོར་རྒྱ་དཀར་ནག་གི་དམག་མིའི་དབར་གདོང་ཐུག་བྱུང་རྗེས། ཕྱོགས་གཉིས་ཀས་ས་མཚམས་ཁུལ་དེར་རྒྱལ་སྲུང་ནུས་པ་མཐོར་འདེགས་ཆེད་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་པ་མ་ཟད། དམག་གི་འགྲིམ་འགྲུལ་དང་མཚོན་ཆ་དབོར་འདྲེན་མྱུར་པོ་ཡོང་ཆེད་ཟམ་པ་དང་རྒྱལ་ལམ་སོགས་འཛུགས་སྐྲུན་བྱས་ཡོད་པ་ལྟར། འདས་ལོའི་མཇུག་ཙམ་ལ་རྒྱ་ནག་གིས་རང་གི་སྟངས་འཛིན་འོག་ཡོད་པའི་སྤང་གོང་མཚོའི་ལྷོ་བྱང་གཉིས་ཀྱི་བར་ལ་ཟམ་པ་ཞིག་བརྒྱབ་སྟེ་ཟླ་སྔོན་མར་ལེགས་གྲུབ་བྱུང་ཡོད་པ་མ་ཟད། དེའི་ཐོག་སྤང་གོང་མཚོ་ནས་བོད་མངའ་རིས་རུ་ཐོག་རྫོང་དུ་ཡོད་པའི་དམག་ཆས་མཛོད་ཁང་བར་ལ་རྒྱལ་ལམ་ཞིག་འཛུགས་སྐྲུན་བྱེད་མུས་ཡིན་འདུག་ལ། དམག་ཆས་མཛོད་ཁང་དེ་ནི་བོད་ནང་ཡོད་པའི་རྒྱ་ནག་གི་གོ་མཛོད་ཁང་ཆེ་ཤོས་དེ་ཡིན་འདུག
རྒྱ་གར་གྱི་རྒྱལ་སྲུང་དང་འབྲེལ་བའི་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་འཛུགས་སྐྲུན་བྱས་པའི་ཟམ་པ་དེ་ནི་སྒྲིག་བཟོ་བྱས་ཟིན་པའི་རྒྱུ་ཆ་ (pre-fabricated structure) རྣམས་ཀྱི་ལྷུ་བསྒྲིགས་ཏེ་བཟོས་པ་ཞིག་ཡིན་པ་དང་། དུས་རྒྱུན་སྤང་གོང་མཚོའི་ལྷོ་འགྲམ་ནས་རུ་ཐོག་བརྒྱུད་བྱང་ཕྱོགས་ཀྱི་ཁུར་ནག་(Khurnak) བར་གྱི་ལམ་ཐག་སྤྱི་ལེ་ ༡༨༠ ལྷག་ཡོད་ནའང་། ཟམ་པ་དེས་ཁུར་ནག་དང་རུ་ཐོག་རྫོང་དབར་གྱི་ལམ་ཐག་དེ་སྤྱི་ལེ་ ༥༠ ལྷག་ཆགས་ཀྱི་ཡོད་པ་རེད་འདུག
སྤྱིར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོངས་ནང་བྱུང་བའི་རྒྱ་དཀར་ནག་དབར་གྱི་གདོང་ཐུག་དེས་ཕྱོགས་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་དང་དཔལ་འབྱོར་བཅས་པར་དོ་ཕོག་ཤུགས་ཆེར་ཐེབས་ཏེ། འདས་པའི་ལོ་གསུམ་ལྷག་གི་རིང་རྒྱ་དཀར་ནག་གི་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀས་གནས་སྐབས་རིང་སྤང་གོང་མཚོའི་གྷལ་ཝན་ལུང་གཤོངས་དང་གྷོག་ར་ (Gogra) ཁུལ་གྱི་དམག་དོན་བྱ་འགུལ་ཡོད་ཚད་ཕྱིར་འཐེན་བྱས་ཡོད་ནའང་། བདེ་མཆོག་ (Demchok) ཁུལ་དང་འདེབས་བཟང་ལ་ (Depsang La) ཁུལ་གྱི་རྩོད་རྙོག་དེ་ད་དུང་ཡང་མ་ཞི་བར་ལྷག་མུས་ཡིན་པ་རེད། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་གྱི་ཆེས་མཐོའི་མགོ་འཁྲིད་ཅིག་གིས་པི་རིན་ཊི་གསར་ཁང་ལ། རྒྱ་གར་ངོས་ནས་སྤང་གོང་མཚོ་ས་མཚམས་སུ་བསྐྱར་དུ་གདོང་ཐུག་ཡོང་སྲིད་པའི་ཚོད་དཔག་བྱེད་ཀྱི་མེད་ནའང་། གལ་ཏེ་རྒྱ་ནག་གིས་བསྐྱར་དུ་འཁྲུག་སློང་བྱས་ཚེ། རྒྱ་གར་ངོས་ནས་མཐའ་གཅིག་ཏུ་ཕར་རྒོལ་བྱ་རྒྱུར་ཐེ་ཚོམ་མེད་སྐོར་བརྗོད་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།