དེ་རིང་སྔ་དྲོར་ལ་དྭགས་ཀྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་རྒྱལ་ས་གླེའི་གནམ་ཐང་ནས་ཞི་བའི་ཚལ་ཕོ་བྲང་བར་དགའ་དད་སྤྲོ་གསུམ་གྱི་ངང་ནས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་གྱི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གླེ་སྐུ་ཤོག་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་སོང་བ་དང་། སྐབས་དེར་གནམ་ཐང་དུ་འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་དང་ཁྲིག་སེ་རིན་པོ་ཆེ་རྣམ་གཉིས་ཀྱི་གཙོས་བླ་ཆེན་ཁག་ཅིག་དང་། ལ་དྭགས་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་མི། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་སོགས་འབྲེལ་ཡོད་གནད་ཡོད་མི་སྣ་མང་པོས་ཕེབས་བསུ་ཞུས་པ་དང་། ལ་དྭགས་ཀྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་གནམ་ཐང་ནས་ཞི་བའི་ཚལ་ཕོ་བྲང་བར་དགའ་དད་སྤྲོ་གསུམ་གྱི་ངང་ནས་༸མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་།
ཞི་བའི་ཚལ་ཕོ་བྲང་དུ་ཞབས་སོ་བདེ་བར་འཁོད་རྗེས་༸གོང་ས་མཆོག་གིས། དེ་རིང་ཡང་བསྐྱར་ལ་དྭགས་སུ་སླེབ་པ་རེད། སྙིང་རྗེ། མི་མང་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཆོས་ཕྱོགས་དང་མིའི་འགྲོ་སྟངས་གང་ནས་བཤད་ནའང་ཕན་ཚུན་ལ་བརྩེ་བ་དང་ཧ་ཅང་སེམས་ཐག་ཉེ་བོ་ཡོད་པ་གསལ་བོ་རེད། རྡ་རམ་ས་ལར་ཆར་ཞོད་ཆེན་པོ་དང་། བཞའ་རློན་ཧ་ཅང་ཆེན་པོ་འདུག བཞའ་རློན་དེས་གཟུགས་པོ་ཏོག་ཙམ་མ་བདེ་བ་དང་། ལྷག་པར་དུ་ངོས་ཀྱི་པུས་མོ་ཏོག་ཙམ་མ་བདེ་བ་ཡོད་པས་གནམ་གཤིས་བཞའ་རློན་གྱིས་གནོད་ཀྱི་ཡོད་པ་ལྟ་བུ་འདུག དེར་བརྟེན། ལ་དྭགས་ལ་བཞའ་རློན་ཉུང་བ་ཡོད་པས་འདིར་བདུན་ཕྲག་གཉིས་གསུམ་མམ། ག་ཚོད་སྡོད་མིན་ད་ལྟ་ཐག་ཆོད་པ་མི་འདུག ངོས་ཀྱི་པུས་མོ་དང་གཟུགས་པོའི་འཕྲོད་བསྟེན་ལ་བལྟ་བཞིན་བྱེད་ཀྱི་ཡིན། སྔོན་མ་ནས་ལ་དྭགས་པ་ཚོ་ཧ་ཅང་དད་པ་ཆེན་པོ་རེད། དེ་རིང་འདིར་མི་མང་མང་པོ་འཛོམས་ནས་ཧ་ཅང་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག མིའི་བརྩེ་བ་ཟེར་བ་འདི་ཧ་ཅང་རྩ་ཆེན་པོ་རེད། ཕྱེད་ཀ་དད་པའི་ཐོག་ནས་ཡོང་གི་ཡོད་པ་དང་། རང་བཞིན་གྱིས་གཅིག་གིས་གཅིག་ལ་སེམས་ཐག་ཉེ་བོ་དང་དངོས་གནས་བརྩེ་བ་ཡོད་པ་རེད། ངོས་རང་ཡང་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཡང་༸གོང་ས་མཆོག་གིས། ད་རེས་འདིར་ཆོས་འབྲེལ་བྱ་རྒྱུ་ནི་སྔོན་མ་སྤྱོད་འཇུག་གི་འཕྲོ་ཏོག་ཙམ་ལྷག་ཡོད། སྤྱོད་འཇུག་གི་ཤེས་རབ་ལེའུ་བཤད་རྒྱུ་གཅིག་དང་། ཕལ་ཆེར་འདིར་མི་མང་པོ་ཞིག་འཛོམས་ཡོད་པ་དང་། དད་པ་དང་འདུན་པ་རྩེ་གཅིག་ཡིན་པས་ཐུགས་རྗེ་ཆེན་པོའི་དབང་ཆེན་ཞིག་བྱ་དགོས་བསམ་བྱུང་། མཁྱེན་སོང་ངམ། དེ་ངོས་རང་ལའང་དཀའ་ལས་ཆེན་པོ་མེད། ཅེས་གསུངས།
སྤྱིར་ད་རེས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟླ་གཅིག་ཙམ་རིང་ལ་དྭགས་སུ་བཞུགས་གཏན་ཁེལ་ཡོད་པ་དང་། ད་སྔ་བར་ཡོངས་གྲགས་ཐོག་ནས་༸མགོན་པོ་མཆོག་གི་མཛད་འཕྲིན་བསྒྲགས་མེད་ནའང་། འདི་གའི་གསར་འགོད་པར་ལ་དྭགས་ནང་པ་ཚོགས་པའི་གཙོ་འཛིན་ཐུབ་བསྟན་ཚེ་དབང་ལགས་ཀྱིས་གསུངས་པ་ལྟར་ན། དེ་རིང་ནས་རྩིས་པའི་བདུན་ཕྲག་གཅིག་ཙམ་གྱི་རིང་ཞི་བའི་ཚལ་ཕོ་བྲང་དུ་༸གོང་ས་མཆོག་ཐུགས་ལྷོད་བཞུགས་རྒྱུ་ཡིན་པ་དང་། དེ་རྗེས་ལ་དྭགས་ཟངས་དཀར་དང་ལིང་ཤེད་དགོན་པ་སོགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།