མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ལ་དྭགས་བོད་ཁྱིམ་དུ་གླེ་བྱང་གི་མང་ཚོགས་ལ་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་༧སྐུ་ཉིད་མཆོག་འབྱུང་འགྱུར་ལོ་ཉུ་ཤུ་རྩ་གྲངས་རིང་བཞུགས་རྒྱུའི་ཞལ་བཞེས་བཟང་མོ་སྩལ་བ་དང་བསྟུན། བོད་གཞིས་བྱེས་གཉིས་ཀྱི་རྒྱ་ཆེ་མི་མང་གིས་ད་ལྟ་ནང་བཞིན་དད་པ་དང་དམ་ཚིག་གཡོ་བ་མེད་པར་སེམས་ཤུགས་སྐྱེ་དགོས་པ་དང་བོད་གཞིས་བྱེས་མི་མང་མཉམ་དུ་འཛོམས་ནས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱ་རྒྱུའི་དུས་ཚོད་ཅིག་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༨ སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ལྕོག་ལམ་སར་རྟེན་གཞི་བྱས་པའི་ལ་དྭགས་བོད་ཁྱིམ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་དེ་ལ་དྭགས་བྱང་ཐང་གི་བོད་རིགས་འབྲོག་མི་རྣམས་དང་ལ་དྭགས་བསོད་ནམས་གླིང་གི་ཁོངས་གཏོགས་གཞིས་གྲོང་བཅུ་གཉིས་བཅས་ཀྱི་མང་ཚོགས་བཞི་སྟོང་ལྷག་ལ་བཀའ་སློབ་སྩལ་གནང་བ་མ་ཟད། སྐབས་དེར་༧མགོན་པོ་གང་ཉིད་མཆོག་འབྱུང་འགྱུར་ལོ་ཉུ་ཤུ་རྩ་གྲངས་རིང་བཞུགས་རྒྱུའི་ཞལ་བཞེས་བཟང་མོ་སྩལ་བ་དང་བསྟུན། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེ་མི་མང་གིས་ད་ལྟ་ནང་བཞིན་དད་པ་དང་དམ་ཚིག་གཡོ་བ་མེད་པར་སེམས་ཤུགས་སྐྱེ་དགོས་པ་དང་བོད་གཞིས་བྱེས་མི་མང་མཉམ་དུ་འཛོམས་ནས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱ་རྒྱུའི་དུས་ཚོད་ཅིག་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

སྐབས་དེར་༧གོང་ས་མཆོག་གིས། དེ་རིང་འདི་ག་ས་གནས་ཀྱི་སློབ་ཕྲུག་དང་རྒན་གཞོན་ཕོ་མོ་མང་པོ་ཞིག་ཆེད་མངགས་སླེབས་ཡོད་པ་རེད། ལྷག་པར་དུ་བྱང་ཐང་བོད་མི་མང་པོ་ཞིག་དེ་རིང་འདིར་ཆེད་མངགས་སླེབས་པ་རེད། ཕྱི་ལོ་ ༡༩༥༩ ལོར་ཐོག་མའི་རྐྱེན་ནི་བཅིངས་གྲོལ་དམག་སྒར་གྱིས་ཟློས་གར་ཚོགས་པ་གསར་པ་ཞིག་བསླེབས་ཡོད་ཟེར་བའི་རྐྱེན་དང་པོ་དེ་རེད། ངོས་ནས་དེ་ག་རང་འགྲིག་གི་རེད་ལབ་ནས་འགྲོ་རྒྱུ་གཏན་འཁེལ་བྱས་པ་ཡིན། དེ་དུས་ཕ་གི་རྒྱ་མིའི་ལས་ཁུངས་ནས་༧ཏཱ་ལའི་བླ་མ་གཅིག་པོ་མ་གཏོགས་སྐུ་སྲུང་དམག་མི་ཡོང་ན་འགྲིག་གི་མ་རེད། བོད་པའི་དམག་མིའི་ཚོར་གོ་ལག་ཅིག་ཡོད་པ་དེ་འཁྱེར་ཡོང་ན་འགྲིག་གི་མེད་པ་དེ་འདྲ་བཤད་པ་རེད། དེ་དུས་ཧོབ་ཏུ་སྒང་ལ་༧རྒྱལ་བ་རིན་པོ་ཆེ་བཅིངས་གྲོལ་དམག་སྒར་ལ་ཕེབས་རྒྱུ་ཡིན་པའི་སྐད་ཆ་གོ་བ་དང་ལྷ་སའི་མི་མང་གིས་འུར་བརྒྱབ་སྟེ་མར་ནོར་བུ་གླིང་ཁར་ཡོང་བ་རེད། ངོས་རང་ནོར་བུ་གླིང་ཁ་ནས་ཕྱིན་ན་འགྲིག་གི་མ་རེད་ཅེས་ཞེ་དྲགས་འུར་བརྒྱབ་སོང་། བོད་པ་ཚོས་རྒྱ་མི་ལ་ཡིད་ཆེས་དང་རེ་འདུན་ཁྱོན་ནས་བྱེད་ཀྱི་མེད་པ་རེད། ཕལ་ཆེར་མི་ཁྲི་གཅིག་གཉིས་ཤིག་ཡོད་པ་འདྲ། ནོར་བུ་གླིང་ཁར་འུར་བསྐྱོན་ནས་ཡོང་བ་རེད། ད་ལན་ཙམ་མ་ཡིན་པར་མ་འོངས་པར་ཡང་ངོས་རྒྱ་མིའི་དམག་སྒར་ལ་མ་འགྲོ་རོགས་ཞེས་འབོད་སྐུལ་ཞེ་དྲགས་བྱས་སོང་།

དེ་དང་ཆབས་ཅིག་ཏུ་ལྷ་སའི་བཅིངས་གྲོལ་དམག་སྒར་ཁོངས་ནས་ངོས་ལ་ལན་ཞིག་འབྱོར་ཏེ། བོད་པ་ཚོས་ཟིང་ངེ་ཟིང་ངུ་བྱེད་ཀྱི་ཡོད་དུས། ང་ཚོས་དྲག་གནོན་བྱེད་ཀྱི་ཡིན། ༧རྒྱལ་བ་རིན་པོ་ཆེ་ནོར་བུ་གླིང་ཁར་བཞུགས་སའི་ཕོ་བྲང་དེར་རྟགས་བརྒྱག་རོགས། དེ་ལ་ང་ཚོས་དོ་ཕོག་མ་འགྲོ་བ་ཞིག་བྱེད་ཀྱི་ཡིན་ཟེར་གྱི་འདུག དེ་ལ་གོ་བ་ག་འདྲ་བླངས་ན་ལེན་རྒྱུ་འདུག ངོས་རང་སྡོད་ས་དེ་ཤེས་པ་ཡིན་ན། དེ་ལ་མེ་ཤུགས་འཕུར་མདེལ་དང་མེ་སྒྱོགས་གཞུ་རྒྱུའི་འཆར་གཞི་ཡོད་བསྡད་པ་ཞིག་རེད། དེའི་རྟགས་མཚན་གཅིག་ནི་རྗེས་སུ་བྲོས་བྱོལ་ལ་ཡོང་མཁན་ནོར་བུ་གླིང་ཁའི་སྐོར་སྲུང་དམག་མི་ཁག་ཅིག་གིས། ངོས་རང་སྡོད་སའི་ནོར་བུ་གླིང་ཁའི་ཕོ་བྲང་གསར་བའི་སྟེང་དུ། བགད་ཐོར་དུ་མ་ཕྱིན་པའི་རྒྱ་མིའི་མེ་ཤུགས་འབར་མདེལ་ཁ་ཤས་ཤིག་འདུག་ལབ་བྱུང་། དེར་བརྟེན་ངོས་སྡོད་སའི་ཕོ་བྲང་ལ་རྟགས་བརྒྱག་རོགས་ཟེར་བར་གོ་བ་གཉིས་འདུག ཆེད་མངགས་དེ་ལ་དམིགས་ནས་མེ་ཤུགས་འབར་མདེལ་འཕང་རྒྱུ་དང་གཡོ་རྒྱུ་ཡིན་གང་ཡིན་ཚོད་མི་ཐིག་པ་ཞིག་འདུག ཕྱོགས་མང་པོ་ཞིག་ནས་བལྟས་ཡོང་དུས་གནས་ཚུལ་ཡག་པོ་ཁྱོན་ནས་མི་འདུག མ་གཞི་ནས་ལྷ་དང་བླ་མ་ལ་མོ་འཆར་ཅན་རྒྱག་གི་ཡོད་པ་རེད། དེ་འདྲ་བྱས་ནས་ནོར་བུ་གླིང་ཁ་ནས་ཐོན་ཤིག་ཟེར་ནས་གཟའ་ཟླ་ལ་བབས་པ་རེད། དེ་ནས་སེམས་ཐག་བཅད་དེ་དགོང་མོའི་ཆུ་ཚོད་ ༡༠ སྟེང་ནོར་བུ་གླིང་ཁ་ནས་ཐོན་ཡོང་ཁར། ནོར་བུ་གླིང་ཁའི་རྟེན་གཙོ་བོ་མགོན་ཁང་དུ་ཕྱིན་ནས་གྱེས་ཕྱག་ཕུལ་རྗེས་ཐོན་ཡོང་བ་ཡིན། དེ་དུས་ང་ཚོའི་བསམ་བློའི་ནང་མ་འོངས་པར་ག་འདྲ་ཞིག་ཡོང་ངམ་སྙམ་པ་མ་གཏོགས་ཚོད་ཐིག་པོ་གང་ཡང་ཡོད་པ་མ་རེད།

དེ་ནས་རྒྱ་གར་ལ་ཁ་གཏད་ནས་ཐོག་མར་འབྲུག་ལ་འགྲོ་དགོས་སམ་ཡང་ན་རྒྱ་གར་ལ་འགྲོ་དགོས་ཡོད་དམ་བསམ་བསྡད་ཡོད་དུས། རྒྱ་གར་གྱི་ལན་འབྱོར་ཏེ་དགའ་བསུ་ཡོད་ཟེར་གྱི་འདུག རྒྱ་གར་གྱི་ས་མཚམས་ལ་འབྱོར་བ་དང་ངོས་ཀྱི་གྲོགས་པོ་རྙིང་པ་ཚོ་འཛུམ་ཤིག་ཤིག་བསྡད་འདུག དེ་ནས་དགའ་པོ་ཞེ་དྲགས་བྱུང་། རྒྱ་གར་ལ་འབྱོར་ནས་དུས་ད་ལྟའི་བར་དུ་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་བསྡད་ཡོད། ཁ་ཐུག་དེར་ཐན་ཀོན་སན་དང་ཁོ་ཚོའི་གྲས་དེ་སེམས་པ་མཁྲེགས་པོ་དང་ནག་པོ་ཅུང་ཙམ་ཡོད་པ་རེད། ཁོ་ཚོའི་བསམ་ཐོག་ཏུ་ཡོང་སོང་བ་རེད་དེ། ངོས་རང་རྒྱ་གར་ལ་འབྱོར་བ་ནས་མིང་སྐྱབས་བཅོལ་བ་ཡིན་པ་དང་དོན་དུ་སྐུ་མགྲོན་བྱས་ནས་བསྡད་ཡོད་པ་རེད། དེ་ནས་ནོར་བུ་གླིང་ཁ་ནས་མ་འཐོན་པའི་གོང་དེར་ང་ཚོས་རྐང་གསོལ་བཏང་བ་སོགས་ཞེ་དྲགས་བྱས་པ་ཡིན། དགོང་དག་ཅིག་རྨི་ལམ་ལའང་། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའི་ཚིག་བཅད་དེ་ངོས་ཀྱི་མདུན་དུ་མཁན་པོ་ཁག་ཅིག་གིས་སྐྱོར་གྱི་འདུག དེ་ནས་ཉིན་མ་གཅིག་གཉིས་ཀྱི་ནང་ནས་ངོས་རང་ནོར་བུ་གླིང་ཁ་ནས་ཐོན་ཡོང་བ་ཡིན། ཕྱི་ལོ་ ༡༩༥༦ ནས་ངོས་རང་རྒྱ་གར་གྱི་དཔོན་རིགས་ཚོ་དང་ངོ་ཤེས་ཆགས་བསྡད་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་ཡོང་དུས། རྒྱ་གར་གཞུང་གིས་དགའ་བསུ་གཟབ་རྒྱས་གནང་སྟེ་མི་ཚེ་གསར་པ་ཞིག་དབུ་ཚུགས་པ་རེད། རྒྱ་གར་ལ་བསླེབས་ནས་དངོས་གནས་དྲང་གནས་བཀྲ་ཤིས་རྒྱ་མཚོ་མཆོག་གི་ཁྱབ་གྱུར་ཅིག་ཅེས་གསུངས་པ་ལྟར། ངོས་རང་རྒྱ་གར་ལ་བསྡད་ནས་ཁ་ཡོད་ལག་ཡོད་ཀྱིས་རྒྱལ་སྤྱིའི་སྒང་བོད་དོན་ལ་དོ་སྣང་བྱེད་མཁན་དང་། གཉིས་ནས་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་བོད་ཀྱི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཟབ་མོ་ཡོད་བསྡད་པ་དེ་འཛམ་གླིང་འདིའི་སྒང་གསལ་བོ་ཆགས་པ་དང་མི་མང་པོས་དགའ་བོ་བྱེད་ཡུལ་ཞིག་བྱུང་བ་རེད།

དེར་བརྟེན། ཕྱི་ལོ་ ༡༩༥༩ ལོར་ཐན་ཀོན་སན་ཁོ་ཚོ་དྲག་གནོན་བྱེད་མཁན་ཚོའི་བློ་ཡུལ་ལས་འདས་པ་ཞིག་ལ། ད་ཆ་ང་ཚོ་བཙན་བྱོལ་དུ་གཞིས་ཆགས་ཏེ། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་གསོ་བཅོས་དང་མི་ཉམས་གོང་སྤེལ་སོགས་ཀྱི་ཐོག་ནས་འཛམ་གླིང་འདིའི་སྒང་སངས་རྒྱས་ཀྱི་བསྟན་པར་དོ་སྣང་གསར་པ་ཆགས་པ་འདི་བྱུང་བ་རེད། ཕྱོགས་གཅིག་ནས་བསམ་བློ་གཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་ཞིག་རེད། ང་ཚོ་ལྷ་སར་བསྡད་ཡོད་ཚེ་ན་ཟུག་གཏང་རྒྱུ་མ་གཏོགས་གང་ཡང་མེད་པ་རེད། ང་ཚོ་ཐག་སེ་ནོར་བུ་གླིང་ཁ་ནས་ཐོན་ཏེ་རྒྱ་གར་ལ་བསླེབས་པ་དང་། ད་འཛམ་གླིང་འདིའི་སྒང་། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེ་ནི།། སྙིང་རྗེ་ཆེན་པོའི་ཡིད་རབས་བསྐྱེད་པ་ཡི།། ཕན་བདེ་གཏེར་དུ་གསལ་བར་བྱེད་པར་ཤོག ། ཅེས་གསུངས་པའི་དོན་དག་དེ་ངོས་ནས་ལག་ལེན་བསྟར་གྱི་ཡོད།

ལ་དྭགས་གཙོ་བྱས་པའི་ཧི་མ་ལ་ཡའི་རི་རྒྱུད་དག་ལ་བོད་གངས་ཅན་གྱི་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་སྔ་ནས་ཡོད་ཡོད་པ་ཆགས་ཏེ། ཁྱབ་ཀྱང་ཉམས་པར་གྱུར་བའི་གནས་ཤིག་ཆགས་བསྡད་ཡོད་པ་རེད། ནུབ་ཕྱོགས་ཡུལ་གྲུ་གཙོས་པའི་མང་པོ་ཞིག་ལ་བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའི་གནས་རེད། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེ་ནི།། སྙིང་རྗེ་ཆེན་པོའི་ཡིད་རབས་བསྐྱེད་པ་ཡི།། ཕན་བདེ་གཏེར་དུ་གསལ་བར་བྱེད་པར་ཤོག ། ཅེས་ཐུགས་སྨོན་གནང་བ་ནང་བཞིན་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ཕྱིན་པ་རེད། ད་ལྟའི་སྐབས་སུ་བོད་གངས་ཅན་གྱི་ལྗོངས་ཀྱི་གཙོ་བོ་རྒྱ་ཆེ་མི་མང་གི་ལྷག་བསམ་དང་དད་པ་གཡོ་བ་མེད་པར་བརྟན་པོ་བྱས་ནས་བསྡད་འདུག དད་པ་དང་འདུན་པ་གཡོ་བ་མེད་པར་ཆིག་སྒྲིལ་བྱས་ནས་བསྡད་པ་དེ་ཁོ་ནའི་ཐོག་ནས་ནུས་པ་ཞིག་ཐོན་ཡོང་གི་ཡོད། རྒྱ་མི་གུང་ཁྲན་གྱི་ནང་ལ་རྩུབ་པོ་བྱེད་མཁན་གྱི་རིགས་གཅིག་ཡོད་པ་དང་། ཁོ་ཚོས་རྩུབ་སྤྱོད་མཐར་ཐུག་པ་བྱས་ཡོད་པ་རེད་དེ། བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་དད་པ་འགུལ་བསྐྱོད་ཐེབས་མེད། དངོས་གནས་དྲང་གནས་ཧ་ལས་པའི་བརྟན་པོ་བྱས་ནས་བསྡད་པ་རེད་ད། ཁྱེད་རང་ཚོ་འདིར་བྱང་ཐང་ནས་བསླེབས་བསྡད་པ་ཚོས་གང་ལ་གང་འཚམ་ཤེས་ཀྱི་རེད། བོད་རྒྱ་ཆེ་མི་མང་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལབ་དུས་དད་པ་དང་འདུན་པ་ཞེ་དྲགས་རྩེ་གཅིག་ཏུ་ཡོད་པ་ཞིག་རེད་འདུག དེ་འདྲ་ཡིན་དུས། ང་ཚོ་འདིར་བཙན་བྱོལ་བ་བྱས་ནས་བསྡད་ཡོད་པ་རེད་དེ། བོད་པའི་ཆོས་དང་རིག་གཞུང་གི་ཚོར་བ་དེ་ཧི་མ་ལ་ཡའི་རི་རྒྱུད་ལ་སྔར་ནས་ང་ཚོ་རིག་གཞུང་གཅིག་པ་ཡིན་པའི་ཆ་ནས་ཡོད་པ་དང་། བྱང་ཐང་ནས་ཡོང་མཁན་ཁྱེད་རང་ཚོས་ཤེས་ཀྱི་རེད། བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེ་མི་མང་གི་སེམས་ཤུགས་གཡོ་བ་མེད་པར་བསྡད་ཡོད། དེའི་རྐྱེན་གྱིས་རྒྱ་ནག་གི་མགོ་ཁྲིད་ཚོར་བསམ་བློ་གསར་པ་ཞིག་ཡོང་གི་ཡོད། ངོས་ལ་རྒྱ་མིས་དམག་གི་ཐོག་ནས་བོད་དབང་བ་རེད་དེ། རིམ་བཞིན་དུས་ཀྱི་འགྱུར་བ་དང་བདེན་པའི་མཐའ་ལ་གསལ་ཡོང་དུས། བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་ནག་མར་དབང་གི་རེད་ཅེས་ངོས་ལ་བོད་པའི་ཤེས་ཡོན་པ་ཁ་ཤས་བཤད་མཁན་བྱུང་། དེ་གང་འཚམ་བདེན་པའི་ཡིན་པ་འདྲ་པོ་འདུག

དེ་རིང་ཁ་སང་རྒྱ་ནག་ནང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག ད་རིམ་པས་ལོ་ཁ་ཤས་ནང་ལ་འགྱུར་བ་ཆེན་པོ་ཡོང་བའི་བཟོ་འདུག ངོས་རང་བཙན་བྱོལ་བ་བྱས་ནས་རྒྱ་གར་ནང་བསྡད་པའི་རིང་ལ་འཛམ་གླིང་ནང་དེ་སྔ་བོད་ཀྱི་སངས་རྒྱས་པའི་ཆོས་ལ་རྒྱུས་མངའ་ཁྱོན་ནས་མེད་པ་དེ་འདྲའི་ནང་དུའང་དོ་སྣང་གསར་པ་ཞིག་བསླེབས་ཡོད། ལྷག་པར་དུ་ཚན་རིག་པའི་ནང་ནས་ཁོན་ཊོམ་དངོས་ཁམས་(Quantum Physics)ཚན་པའི་དོ་སྣང་གསར་པ་ཞིག་ཀྱང་བསླེབ་ཀྱི་ཡོད། ནུབ་ཕྱོགས་ཀྱི་ཚན་རིག་པ་དང་སེམས་ཁམས་རིག་པ་བ་ཚོར་སེམས་ཁམས་རིག་པའི་སྐོར་དེ་གཞི་ནས་གསར་པ་རེད་མ་གཏོགས་གང་ཡང་མེད། སྤྱིར་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དེ་བར་སྐབས་རྒྱ་གར་ནང་ཉམས་བསྡད་ཡོད་པ་རེད་དེ། བོད་གངས་ཅན་གྱི་ལྗོངས་ལ་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དེ་དག་བརྟན་པོ་བྱས་ནས་བཟུང་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་ཚན་རིག་པ་མང་པོས་དོ་སྣང་བྱེད་ཀྱི་ཡོད།

བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེ་ནི།། སྙིང་རྗེ་ཆེན་པོའི་ཡིད་རབས་བསྐྱེད་པ་ཡི།། ཕན་བདེ་གཏེར་དུ་གསལ་བར་བྱེད་པར་ཤོག ། ཅེས་གསུངས་པ་དེས། གཙོ་བོ་སེམས་ཅན་ལ་ཕན་སེམས་རང་གི་ཐོག་ནས་བསམ་བློ་གཏང་གི་ཡོད། དེ་དང་ཆབས་ཅིག་ཏུ། བོད་དོན་བདེན་མཐའ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་པ་ཞིག་ཡོང་གི་འདུག ང་ཚོ་བཙན་བྱོལ་བ་ཆགས་ནས་འདི་ལ་ཚུར་ལུས་པ་དག་གིས་དགོས་དོན་གང་ལ་གང་འཚམ་འགྲུབ་བསྡད་ཡོད་པ་རེད། དེ་ནས་གཙོ་ཆེར་བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་ངོས་ལ་ཡིད་ཆེས་རྩེ་གཅིག་བྱས་ཏེ། ང་རང་ཚོར་གོང་བུ་གཅིག་གྱུར་གྱི་ནུས་པ་ཡག་ཐག་ཆོད་ཡོད་པ་རེད། དེར་བརྟེན་ཚང་མ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ད་ལྟ་བར་དུ་ཚང་མས་ལྷག་བསམ་རྡོག་རྩ་གཅིག་སྒྲིལ་བྱས་ནས་བསྡད་པ་རེད། ངོས་ད་དུང་ཡང་ཕལ་ཆེར་ལོ་ཉུ་ཤུ་རྩ་གྲངས་གཏན་གཏན་སྡོད་ཀྱི་རེད། དེའི་རིང་ལ་ཁྱེད་རང་ཚོ་ཚང་མས་སྔར་བཞིན་དུ་སེམས་ཤུགས་སྐྱེས་ཏེ། བོད་རྒྱ་ཆེ་མི་མང་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པར་ད་ལྟ་ནང་བཞིན་བཞུགས་ཨ། འཛམ་གླིང་ལ་འགྱུར་བ་གཏན་གཏན་འགྲོ་ཡི་རེད། ང་ཚོ་བོད་གཞིས་བྱེས་མི་མང་མཉམ་དུ་འཛོམས་ནས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱ་རྒྱུའི་དུས་ཚོད་ཅིག་ཕལ་ཆེ་ཡོང་གི་རེད། ཅེས་གསུངས།

གསར་འགོད་པ་སྐལ་བཟང་སྦྱིན་པས་ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་གི་ཉེ་འགྲམ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese