༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་དྲང་བདེན་དང་འབྲེལ་ལམ། བཟོད་སྒོམ་བཅས་ཀྱི་ཐོག་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་པར་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་མཱར་སི་ཞིབ་འཇུག་ཁང་གིས་ལོ་འཁོར་གཟེངས་རྟགས་(Alice and Clifford Spendlove Prize )་ཐེངས་ ༡༥ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྤྱི་ཚོགས་དྲང་བདེན་དང་། འབྲེལ་ལམ། བཟོད་སྒོམ་བཅས་ཀྱི་ཐོག་རླབས་ཆེ་བའི་མཛད་རྗེས་བསྐྱངས་པའི་ཆེ་བསྟོད་ཆེད་དྲ་ལམ་བརྒྱུད་ནས་ཕུལ་ཡོད་འདུག
ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་གཟེངས་རྟགས་དབུ་འཛུགས་གནང་མཁན་ལྕམ་ཤེ་རི་སུ་ཕན་ཌི་ལ་ཧྤི་(Sherrie Spendlove) ལགས་ཀྱིས། ཆབ་སྲིད་ཀྱི་དབྱེ་འབྱེད་དང་ལངས་ཕྱོགས་ཀྱིས་འཛམ་གླིང་ནང་དུ་དཀའ་ངལ་ཆེས་ཆེར་འཕྲད་བཞིན་པའི་སྐབས་སུ། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བྱམས་བརྩེ་དང་ཞི་བདེ། སྙིང་རྗེ། བཟོད་སྒོམ་བཅས་ཀྱི་བཀའ་སློབ་ལམ་སྟོན་གྱིས་འཚེ་མེད་ཞི་བའི་ལམ་ནས་སྤྱི་ཚོགས་དྲང་བདེན་རྒྱུན་སྲུང་ཐུབ་པར་ཕན་པ་མ་ཟད། མི་སྒེར་ཕན་ཚུན་གྱི་འབྲེལ་ལམ་གོང་འཕེལ་དང་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་བར་ཕན་ཐོགས་ཀྱི་ཡོད།
༧གོང་ས་མཆོག་ནི་ནོར་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་བའི་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མེས་ཁཱར་ཌར་(Jimey Carter) མཆོག་དང་ལྷོ་ཨ་ཧྥེ་རི་ཁའི་ཡི་ཤུ་ཆོས་དཔོན་ཊུ་ཊུ་(Archbishop Tutu) སོགས་ཀྱིས་ངོས་འཛིན་གནང་བའི་འཛམ་གླིང་ཞི་བདེ་གོང་སྤེལ་གནང་མཁན་གྱི་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན། ཞེས་སོགས་བརྗོད་ཡོད།
ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་རིག་གཞུང་དང་རྩོམ་ཡིག་སྡེ་ཚན་གྱི་འབུམ་རམས་པ་ནི་གྷལ་ཧཱ་ཌོན་(Nigel Hatton)ལགས་ཀྱིས། ༧གོང་ས་མཆོག་ནི་ང་ཚོས་ཐེངས་འདིའི་འོས་མི་སྣ་ཚོགས་ཡོད་པའི་ཁྲོད་ནས་འཛམ་བུ་གླིང་དུ་བདེ་སྐྱིད་དང་། སྙིང་རྗེ། བློ་དཀར་པོ། མཛའ་བརྩེ། འགྲོ་བ་མིའི་ཆེད་དུ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་གྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་བྱས་ཡོད། ཅེས་གསུངས་འདུག
སི་ཕན་ཌི་ལ་ཧྥི་(spendlove)གཟེངས་རྟགས་ནི་ཕྱི་ལོ་༢༠༠༦ ཐོག་མར་སྤྱི་ཚོགས་དྲང་བདེན་དང་འབྲེལ་ལམ། བཟོད་སྒོམ་གྱི་ཐོག་ཏུ་བྱས་རྗེས་ཆེ་བའི་ཤེས་ལྡན་པ་དང་རྩོམ་པ་པོ། སྒྱུ་རྩལ་བ་སོགས་ལ་ཆེ་བསྟོད་ཕུལ་ཆེད་དབུ་འཛུགས་ཞུས་པའི་གཟེངས་རྟགས་ཤིག་ཡིན་པ་དང་། དེ་ཡང་ལྕམ་ཤེ་རི་སུ་ཕན་ཌི་ལ་ཧྤི་(Sherrie Spendlove) ལགས་ཀྱིས། རང་གི་ཕ་མ་གཉིས་ནས་མི་ཚེ་ཧྲིལ་པོ་མཱར་སི་(Merced)ས་ཁུལ་གྱི་མི་སེར་དང་གཞོན་སྐྱེས། སློབ་ཕྲུག་བཅས་ཀྱི་ཆེད་དུ་བློས་བཏང་གནང་བར་རྗེས་དྲན་ཞུ་ཆེད་དུ་བཙུགས་པ་ཞིག་ཡིན་པ་རེད་ལ། ད་ལྟའི་བར་གཟེངས་རྟགས་དེ་འཛམ་གླིང་ནང་སྐད་གྲགས་ཆེ་བའི་མི་སྣ་༡༤ ལ་འབུལ་ལམ་ཞུས་ཡོད་འདུག
ཁ་ཉིན་དྲ་ལམ་ནས་༧གོང་ས་མཆོག་ལ་འབུལ་ལམ་ཞུས་པའི་གཟེངས་རྟགས་མཛད་སྒོ་འཚོགས་པའི་མཛད་རིམ་ཡོད་ཚད་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་ཁཱ་ལི་ཧྥོར་ནི་ཡ་སློབ་གླིང་གི་གཟེངས་རྟགས་སྲུང་གཙི་བྱེད་པའི་ཉིན་མོར་དྲ་ལམ་བརྒྱུད་ནས་དངོས་སུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
བྱམས་པ་ཚེ་རིང་།