མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫོང་སར་མཁྱེན་བརྩེའི་ཆ་ལུགས་ཀྱི་ལྟ་གྲུབ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས།

རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག

གཅིག   གཏམ་གྱིས་གླེང་བསླངས་པ།

ཁ་སང་ཕྱི་དྲོ་ངས་དྲ་ཐོག་ཏུ། ང་མི་ཚེ་འདིར་སྔ་ཙམ་ནས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཉིས་ལ་གཞན་དང་མི་འདྲ་བའི་ཆ་གལ་ཆེན་ཞིག་ཡོད་པ་དེ་ངོས་ཟིན་མཁན་ཞིག་ཏུ་སྐྱེས་པ་ནི། དཔྲལ་པར་མིག་གཉིས་དོད་པ་དང་། ཁོག་པར་སེམས་ཤིག་ཡོད་པ་དེས་ལས་ཀ་ཞིག་བྱས་སོང་སྙམ་དུ་དགའ་བཞིན་ཡོད། ང་ལ་སྔ་མོ་ཞིག་ནས་ཁོང་རྣམ་པ་གཉིས་ཀྱི་སྐུ་ལུས་ཀྱི་ཐོག་ནས་འཛད་མཐའ་མེད་པའི་མ་འོངས་པ་ཞིག་མངོན་བཞིན་པ་ལྟ་བུའི་སྣང་བ་བྱུང་། ཞེས་པའི་གཏམ་ཐུང་ཞིག་དྲ་ལམ་དུ་སྤེལ་བ་ཡིན།
ལར་ཁོང་གཉིས་ལྟ་བུ་ཞིག་ལ་ངས་འདིར་གཉིད་སད་པ་ལྟར་གསར་དུ་གདེང་འཇོག་ཞུ་དགོས་པ་ཞིག་མ་རེད་ལ། གསར་དུ་ངོ་སྤྲོད་དགོས་པའི་གནས་བབས་ཤིག་ཀྱང་མེད། ཡིན་ན་ཡང་། མཚམས་མཚམས་སོ་སོའི་སེམས་ཀྱི་འཆར་སྣང་དང་ཚོར་བ་ངོ་མ་དེ་ཕྱིར་སྟོན་རྒྱུ་ནི་ང་ལ་མཚོན་ན་སྒེར་གྱི་རང་དབང་དང་མངོན་འདོད་ཀྱི་རྣམ་འགྱུར་སྤྱིར་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ན་ཡང་། སྤྱི་ཚོགས་དྲ་ལམ་གྱི་གཏམ་བརྗོད་གང་འདྲ་ཞིག་ལའང་བསམ་ཚུལ་དང་དྲི་བ་འདྲ་མིན་ཡོང་ཆོག་པ་ནི་རྒྱུན་ལྡན་ཞིག་ཡིན་པ་ལྟར། ང་ལའང་དྲ་གྲོགས་ཤིག་གིས་འདིའི་ཐད་དྲི་བ་ཞིག་བཏོན་བྱུང་།

གཉིས། ༽    དྲི་བ་དངོས་འགོད་པ།

དྲི་བ་དེའི་ནང་དོན་ནི། རྫོང་སར་རིན་པོ་ཆེའི་བཀའ་སློབ་དང་རྩོམ་དེབ་སོགས་ནི་ཧ་ཅང་ཡག་པོ་དང་། ཤུགས་རྐྱེན་ཡང་ཆེན་པོ་འདུག ། ཡིན་ན་ཡང་། ཁོང་གི་ནམ་རྒྱུན་སྤྱོད་པ་གནང་སྟངས་དེ་ཡ་མ་ཟུང་ལྟ་བུ་ཞིག་འདུག །དེ་གང་འདྲ་ཡིན་ནམ། ཁོང་གིས་དེ་འདྲ་ཞིག་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་པ་དེ་རེད།

ངའི་ཚོར་སྣང་ལ། དྲ་གྲོགས་ཁོང་གིས་དངོས་གནས་དྲང་གནས་ཀྱིས་དོན་དངོས་ཤིག་ཁ་གསལ་ཆགས་འདོད་པ་དང་། སེམས་ནང་གི་དྲི་བ་ཞིག་ལ་ལན་ངོ་མ་ཞིག་འཚོལ་བཞིན་ཡོད་པའི་ཚོར་སྣང་ཞིག་བྱིན་བྱུང་། དེ་མུར་ང་ལ་ལན་གྱི་ཡི་གེ་ཞིག་འབྲི་འདོད་བྱུང་བ་ལྟར་དྲིས་ལན་འདི་ཡིག་ཐོག་ཏུ་བཀོད་པ་ཡིན། དྲིས་ལན་འདི་ཁོང་གཅིག་པུ་ཙམ་མིན་པར་གང་ཟག་མང་པོ་ཞིག་ལ་ཕུལ་བའི་དཔྱད་གཞི་ཞིག་ཏུ་ངོས་འཛིན་གནང་ནའང་ཆོག །

གསུམ། ༽   དྲིས་ལན་གྱི་མགོ་རྩོམ་པ།

བརྩེ་བའི་དྲ་གྲོགས་ལགས།
སྤྱིར་མི་སོ་སོར་རང་རང་གི་ལྟ་ཚུལ་རེ་རེ་ཡོད་ཆོག་ལ། ཡོད་ཀྱང་ཡོད་པ་རེད། ངའི་ལྟ་ཚུལ་གྱི་ལན་འདིས་ཀྱང་ཁྱེད་ཀྱི་ཐུགས་ཁ་ཁེངས་པ་ཞིག་ཡོང་མིན་མི་ཤེས། ཚད་ངེས་ཅན་གྱི་ཐོག་ནས་ངས་ཁོང་ལ་ལྟ་སྟངས་འཛིན་ཚུལ་དེར་ཞེན་ཁོག་ཀྱང་འདྲེས་ཡོད་ཆོག །སྒེར་གྱི་བསམ་བློའི་མ་རྙོབ་སའི་ཞན་ཆ་ཡོད་སྲིད་པ་ནི་དེ་བས་ཀྱང་ཨ་ཅང་ཅང་རེད། གང་ལྟར་ཁྱེད་ཀྱིས་དྲི་བ་གནང་བ་དེར་ངས་རང་གི་ལྟ་ཚུལ་ཙམ་ཞིག་དྲང་མོར་ཞུ་རྒྱུ་ཡིན།

བཞི། ཆ་ལུགས་ནི་ཆོས་པའི་གནམ་ཐིག་མིན།སྤྱིར་བཏང་ཆ་ལུགས་ཟེར་བ་དེའང་མཐའ་གཅིག་ཏུ་ངེས་གཏན་གྱི་ཆོས་ཤིག་ཡིན་ས་མ་རེད། ཆོས་ཕྱོགས་ནས་ཀྱང་སྐྱེས་བུ་དམ་པ་ཞིག་གི་ནང་གི་ཉམས་རྟོགས་ཀྱི་ཚད་འཛིན་སའི་དངོས་གཞི་དེ་མ་རེད། མ་གཞི་མཚམས་མཚམས་ན་བཟའ་བཞེས་སྟངས་འཇིག་རྟེན་པ་དང་བ་འདྲེན་དགོས་པ་དང་། འཇིག་རྟེན་མ་དད་གྱུར་པ་གང་། །མཐོང་དང་དྲིས་ཏེ་སྤང་བར་བྱ། ། ཞེས་གསུངས་པ་ནི་ཅིས་ཀྱང་བདེན་པ་རེད།

ཡིན་ན་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཟེར་བ་དེའི་མཐར་ཐུག་གི་གཞི་འཛིན་ས་ནི་རྩིས་ཀྱི་རིགས་ལམ་ཞིག་དཔེར་བཞག་ནས་ཞུས་ན། བསྡུར་ཚད་ཅིག་གི་ཐོག་ནས་གཞི་གྲངས་ཀྱིས་ཐག་གཅོད་དགོས་པ་ཞིག་རེད། དེ་ནི་རང་དོན་དང་གཞན་དོན། བསྟན་དོན་དང་འགྲོ་དོན། འཕྲལ་དང་ཕུགས་བཅས་ལ་ཁེབས་གང་ཆེ་གཟིགས་ནས་དགེ་སྐྱོན་ཐག་གཅོད་དགོས་པ་ཞིག་རེད་ཅེས་པའི་དོན་ཡིན། དེ་ཡང་མཐར་གཏུགས་ན། གང་ཟག་སོ་སོས་གནད་རྟོགས་པའི་དགོས་ནས་རང་ཐག་རང་གཅོད་བྱ་རྒྱུ་ལས་འོས་ཆེར་མེད་པ་རེད།
རབ་བྱུང་གི་ཆས་གོས་གཅིག་པུར་མཚོན་ན་ཡང་། བོད་རྣམས་ཀྱི་གྲྭ་ཆས་མཛེས་པའི་མཐར་ཐུག་པ་དེ་ཤྲི་ལང་ཀ་པ་རྣམས་ཀྱིས་ཆོ་མིན་རིགས་མིན་ཞིག་ཏུ་མཐོང་སྲིད་ལ། གནས་བརྟན་སྡེ་པ་རྣམས་ཀྱིས་དགེ་འདུན་པས་དཔུང་གཡས་ཕུད་ནས་སྐུ་ལུས་ཀྱི་ཆ་ཤས་མང་པོས་ཤ་རྗེན་མངོན་བཞིན་ཕེབས་པ་དེ་རུའུ་ལུགས་ཀྱི་རིག་གཞུང་གི་ཞེན་པ་འཐུག་པོ་ཡོད་པའི་རྒྱ་དང་ཁོ་རེ་ཡའི་སྤྱི་ཚོགས་སུ་དེ་ནི་འོས་འཚམས་མིན་པ་ཞིག་ཏུ་སྣང་སྲིད།

ད་དུང་། རྒྱའི་དགེ་འདུན་པའི་ན་བཟའ་དང་བོད་དང་སོག་པོ་ཡི་གྲྭ་ཆས་འདི་དག་ཀྱང་སངས་རྒྱས་ཀྱི་བཀའ་ལས་བྱུང་བའི་ཆོས་གོས་རྣམ་གསུམ་གྱི་ཚད་དང་མཚན་གྱིས་ཁྱབ་མེད་པ་ལྟར་ཡོད་སྲིད། ཐེ་ལན་པའི་གྲྭ་པས་ཐ་མག་འཐེན་པ་ནས། བོད་ཀྱི་གྲྭ་པས་གཡག་ཤ་ཟ་བ་སོགས་ཀྱང་ཆོས་གྲོགས་གཞན་གྱི་མིག་སྔར་ཁ་ན་མ་ཐོ་བའི་མཐར་ཐུག་ཅིག་ཡིན་སྲིད། ཡིན་ན་ཡང་། རང་རང་གི་སྤྱི་ཚོགས་སུ་རེ་ཞིག་འགྲིག་ནས་བསྡད་ཡོད་པ་དེར་རྩོད་པ་ཆེར་མི་དགོས།

དེ་ཡང་རྗེ་མི་ལས། རྒྱལ་བ་མི་ཡི་དབང་པོ་དེས།  །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །ཞེས་པ་དེ་ཧ་ཅང་གལ་ཆེ་བའི་སྡོམ་ཚིག་ཅིག་རེད་སྙམ་གྱི་ཡོད་ལ། བཀའ་གདམས་གོང་མའི་གསུང་ལས་བྱུང་བའི་ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་དེའང་འདི་ལྟར་བཏབ་ཡོད།

ལྔ། ངས་ཁོང་གི་ཆ་ལུགས་ལ་སྣང་མེད་བཏང་བའི་རྒྱུ་མཚན།

འཕྲོས་བཤད་བཞག་ནས་དཀྱུས་ལ་འཇུག་ན། གུས་པས་ཐོག་མར་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་དངོས་སུ་མཇལ་བ་ནས། ཁོང་གི་སློབ་མ་ཞིག་ཏུ་གྱུར་པ་དང་། ཐད་ཀར་བཀའ་མོལ་ཞུ་བ་སོགས་ཀྱི་གོ་སྐབས་བྱུང་ནས་ཞིབ་ཙམ་རྒྱུས་ལོན་ཞུས་པའི་བར་ད་བར་མི་ལོ་བཅོ་ལྔ་ལྷག་ཅིག་འགྲོ་གིན་འདུག །

ཚོན་མདོག་སྣ་ལྔ་ཡོད་པའི་ཁོང་གི་སློབ་མ་དང་རྗེས་འབྲངས་པ་དག་གི་བསམ་སྤྱོད་ལའང་ཆ་རྒྱུས་གང་ལེགས་ཡོད། ཁོང་དང་ཁོང་གི་གསུང་ལ་བརྟེན་ནས་ཤར་ནུབ་ཀྱི་འགྲོ་བ་མང་པོ་ཞིག་ནང་པའི་ཆོས་ལ་བློ་ཁ་ཕྱོགས་པ་དང་། མི་ཚེ་ལ་འགྱུར་བ་ཕྱིན་པ་སོགས་ཀྱི་དཔེ་མཚོན་གསོན་པོ་མང་པོ་ཞིག་ངོ་ཤེས་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད། ཁོང་དག་གི་ནང་ནས་མང་པོ་ཞིག་དང་སྐད་ཆ་ཡང་ཞིབ་ཏུ་བཤད་མྱོང་། སྲོལ་རྒྱུན་ནས་དེང་རབས། མགོ་སེར་ནས་མགོ་ནག །རབ་བྱུང་ནས་ཁྱིམ་པ། རྟོག་གེ་ནས་སྒོམ་ཆེན། རྙིང་ཞེན་ནས་རྟོགས་སད་པའི་བར་གྱི་མི་མང་པོ་ཞིག་ལ་མཚོན་ན། རིན་པོ་ཆེ་ཁོང་གི་གསུང་དང་མཛད་པས་བཞག་པའི་ཤུགས་རྐྱེན་གྱི་བརྒྱ་ཆ་ཧ་ཅང་མཐོན་པོ་ཞིག་ནི་དྲང་ཕྱོགས་དང་ཡང་དག་པ། ལྡོག་ཏུ་མེད་པའི་དད་གུས་སྐྱེ་ས། ཡིད་འཕྲོག་ཅིང་དགའ་མོས་བྱེད་ཡུལ་སོགས་ཀྱི་ཚད་དུ་སྨིན་བཞིན་འདུག །

འདི་ཚང་མ་ལ་ནང་གི་རྒྱུ་རྐྱེན་ཞིག་ཡོད་ངེས་ཤིང་། ནུས་པ་དེ་དག་ནི་ལད་མོ་དང་འཁྲབ་སྟོན་ཁོ་ནས་ཁུངས་འཁྱོལ་བ་ཞིག་གཏན་ནས་མ་རེད། འདིའང་ངས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཕྱི་ཚུལ་གྱི་སྤྱོད་པ་དང་ཆ་ལུགས་ལ་སྣང་མེད་བཏང་བའི་རྒྱུ་མཚན་ཞིག་ཡིན།
རང་སྣང་དབང་དུ་འདུས་ན་གཞན་སྣང་ཟིལ་གྱིས་གནོན་ནུས་པ་དང་། ཅི་བྱས་ལམ་དུ་ལྷོངས་པ་སོགས་ཉམས་ལེན་གྱི་མངོན་རྟགས་ཡིན་པའི་འགྲེལ་བཤད་དེ་ཚོ་ཧ་ཅང་རིང་པོ་དེ་ཚོ་བསྣན་ན་ཉོག་འགྲོ་བས་འདིར་རེ་རེ་ནས་ཞུ་མི་དགོས། འོན་ཀྱང་། ང་ལ་ངའི་གོ་བ་ལེན་སྟངས་ཤིག་ཡོད་པ་དེ་འདིར་ལམ་ཙམ་ཞུས་པ་ཡིན།

གང་ལྟར་འདི་ནས་ངས་ཁྱེད་ཀྱི་དྲི་བ་དེར་དངོས་སུ་ལན་སྟབས་བདེ་ཞིག་འབུལ་ཐབས་ཞུ་རྒྱུ་ཡིན། དེ་ཡང་ང་རང་སྒེར་གྱི་བསམ་ཚུལ་ལྟར་བྱས་ན། རིན་པོ་ཆེས་ནམ་རྒྱུན་ཆ་ལུགས་ཡ་མ་ཟུང་མཛད་པ་དེར་རགས་རིམ་ཙམ་དུ་བྱས་ན་རྒྱུ་མཚན་བཞི་ཙམ་འདུག །

དྲུག གཞོན་སྐྱེས་དང་ཆོས་ལུགས་ཀྱི་སྣང་བརྙན།

རྒྱ་མཚན་དང་པོ་ནི། རིན་པོ་ཆེ་ཁོང་གིས་ཆོས་པ་སྤྱི་འགྲོས་དང་ཅུང་ཟད་མ་འདྲ་བའི་སྤྱོད་པ་ཞིག་བསྐྱངས་ནས་སྲོལ་རྒྱུན་གྱི་རྒྱ་ལས་གྲོལ་བའི་རྣམ་པ་ཞིག་བསྟན་ནས། གཞོན་སྐྱེས་དང་དེང་སང་གི་མི་མང་པོ་ཞིག་གིས་ཆོས་ལུགས་དང་ཆོས་ཀྱི་ཉམས་ལེན་དེ་སྲོལ་རྒྱུན་དང་གཞི་གཅིག་ཏུ་འཛིན་པའི་བསམ་བློ་དེར་འགྱུར་བ་ཞིག་གཏོང་འདོད་ཀྱི་དགོངས་པ་ཞིག་ཏན་ཏན་འདུག །

ལར་དེང་སང་གཞོན་སྐྱེས་མང་པོ་ཞིག་ཆོས་ལུགས་སྤྱི་དང་། ཁྱད་པར་ནང་པ་ལས་རིང་དུ་གྱེས་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཁོང་ཚོའི་སྣང་ངོར་ཆོས་ལུགས་ནི་སྲོལ་རྒྱུན་གྱི་ཕྱི་ཐུམ་འོག་ནས་དང་ལེན་དགོས་པའི་གོམས་གཤིས་ཤིག་གི་སྣང་བརྙན་བསྐྲུན་ཡོད་པས་ཡིན། སྣང་ཚུལ་འདི་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་སྤྱི་ཚོགས་དག་ཏུ་དེ་བས་ཀྱང་མངོན་གསལ་དོད་པོ་ཡོད།

བདུན། ཕལ་པའི་བསམ་བློ་དང་འཚོ་བའི་ཉེ་སར་གཅར་བ།

རྒྱུ་མཚན་གཉིས་པ་ནི། རིན་པོ་ཆེས་དེ་ལྟར་ཁྲི་ལས་བབས་ནས་ཕལ་བའི་སྤྱོད་པ་དང་མཐུན་པར་མཛད་ན། ཁོང་ཉིད་དགེ་རྒན་ཞིག་གི་ངོས་ནས་སམ། སེམས་ཁམས་ཀྱི་སྨན་པ་ཞིག་ཡིན་པའི་ངོས་ནས་སམ། ཆོས་ལུགས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་ལས་ཀ་བྱ་ཡུལ་དང་སྐད་ཆ་བཤད་སའི་ཡུལ་དེའི་བསམ་བློ་དང་འཚོ་བའི་མཐིལ་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་ཡིད་ཆེས་གནང་བཞིན་འདུག གཟིགས་ཚུལ་དེ་ནི་ཧ་ཅང་ཡང་དག་པ་རེད་སྙམ་གྱི་ཡོད་ལ། ཁོང་གི་གནང་སྟངས་དེ་ལམ་ལྷོང་བྱུང་བ་ཞིག་ཏུ་ངས་མཇལ་གྱི་ཡོད།

དེ་ཡང་ཁོང་གིས་ཕྱག་དེབ་རེ་རེ་བཞིན་དང་། བཀའ་མོལ་རེ་རེ་བཞིན་མི་རྣམས་ཀྱི་སེམས་ལ་ཟུག་པོ་དེ་ཙམ་ཡོང་བ་དེ་ནི་ཁོང་གིས་གཏིང་ཟབ་པོས་ཕ་རོལ་པོའི་སེམས་ཁམས་དང་འཚོ་བའི་དཀའ་ངལ། དེ་དག་གི་རྒྱབ་ལྗོངས་སུ་གྱུར་པའི་དུས་རབས་ཀྱི་ཆོས་ཉིད་བཅས་ལ་བསམ་གཞིག་གཏིང་ཟབ་གནང་ཐུབ་ཡོད་པའི་ཆ་ནས་རེད།

བརྒྱད་པ། སྤྱོད་ལམ་གྱི་སྒྱུ་རྩལ་དང་དེའི་བླ་སྲོག

ཁོང་གིས་ཉེ་ཆར་གྱི་རྩོམ་ཡིག་ཅིག་ཏུ། ཁོང་ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་སྔོན་ནས་ཐའེ་ཝན་གྱི་ཏའོ་ལུགས་པའི་སྐྱེས་པ་ཞིག་དང་གྲོགས་པོར་གྱུར་པ་དང་། ཁོང་གཉིས་མཉམ་དུ་འཇར་པན་ལ་སྤྲོ་འཆམ་བྱས་པའི་སྐོར་བྲིས་འདུག ། རྩོམ་ཡིག་དེར་དང་པོ་ཀློག་མགོ་འཛུགས་སྐབས་བླ་མ་ཞིག་དང་ཆོས་པ་ཞིག་གི་ལོ་རྒྱུས་གྱི་རྣམ་པ་མེད་པར་མ་ཟད། སྤྱོད་པ་སློག་མཁན་ཞིག་གི་རྣམ་པ་ལྟར་ཡོད། གློག་བརྙན་ལྟ་བུའི་གཏམ་རྒྱུད་དེའི་མཇུག་ལ་བསླེབས་སྐབས་གཞན་དང་མི་འདྲ་བའི་ཐབས་རྩལ་ཞིག་བརྒྱུད་ནས་ཁྱོད་རང་འཇར་པན་གྱི་ནང་པ་དང་། ཁྲོ་བོ་མི་གཡོ་བ་སོགས་དང་འབྲེལ་བའི་ནང་ཆོས་ཀྱི་བསམ་གཞིག་ཁྱད་པར་བ་ཞིག་གི་ཀློང་དུ་འཁྲིད་པར་བྱེད།

ཐད་ཀར་ཆོས་ཀྱི་སྐད་ཆ་བཤད་ན་མགོ་འཕྲེད་དུ་གཡུག་མཁན་དག་ཀྱང་ངང་རྒྱུད་རིང་པོས་རྣ་བ་གཏོད་ཐུབ་པ་དང་། སེམས་ལ་འཕྲོད་པའི་འཆད་ཐབས་ཤིག་བེད་སྤྱོད་བཏང་འདུག་ལ། ཞར་དང་ཞོར་ལ་དྲིས་ལན་ཧ་ཅང་མང་པོ་ཞིག་མཁོ་སྤྲོད་བྱས་ཡོད། ཁོང་གི་རང་རྣམ་《ཁམ་པ་སྐྱེས་》ཀྱང་དེ་འདྲ་པོ་ཞིག་རེད། དེ་ནི་རིན་པོ་ཆེའི་བཀའ་མོལ་དང་མཛད་སྤྱོད་ཀྱི་ཁྱད་ཆོས་དང་ནུས་པ་ཞིག་རེད། དེ་ནི་ཁོང་གིས་མཛད་པ་དེ་འདྲ་ཞིག་གནང་བའི་དགོས་པའང་རེད། ཁོང་གི་ཆ་ལུགས་འདྲ་མིན་གནང་བཞིན་པ་དེ་ནི་དེང་སང་ཐ་སྙད་ཅིག་སྤྱད་ནས་ཞུས་ན་སྤྱོད་ལམ་གྱི་སྒྱུ་རྩལ་ཞིག་རེད་ལ། སྒྱུ་རྩལ་དེའི་བླ་སྲོག་གི་སྣེ་ནི་ཡང་དག་པའི་ཤེས་རབ་དང་སྙིང་རྗེ་གཉིས་སུ་སྦྲེལ་ཡོད།

དགུ་པ། ཕྱི་གསལ་ནང་གསལ་དང་ཁ་གསལ་གཏིང་གསལ།

རྒྱུ་མཚན་གསུམ་པ་ནི། མི་ཚོས་བླ་མ་དང་ཆོས་པ་སོགས་ལ་དམིགས་བསལ་གྱིས་ཀུན་སྤྱོད་ཀྱི་ཆ་རྐྱེན་ཁ་ཁ་ཞིག་འདོན་གྱི་ཡོད། དེའི་དབང་གིས་སློབ་མའམ། བླ་མའི་གཉེར་པ་སོགས་ཀྱིས་བླ་མ་དག་གསེར་སྐུ་ནང་བཞིན་ཚུགས་འཛིན་དགོས་པ་ཞིག་ཏུ་བཅོས། སོ་སོས་ཀྱང་རང་ཉིད་སྡོམ་དྲར་ཚུད་པའི་སྡོམ་འབུ་བཞིན་མི་འདོད་བཞིན་དུ་དྲ་བ་དེའི་གཟེབ་ཏུ་ཕར་དེད།

དེས་མང་པོ་ཞིག་ལ་ཕྱི་ནང་མི་མཚུངས་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་དུ་བཅུག །སྟབས་མ་ལེགས་ས་ནས་ནམ་ཞིག་ན་སེམས་ཁམས་ཀྱི་ན་ཚ་སོགས་སུ་གྱུར་ནས་འོས་པའི་ལས་རྣམས་བཙན་གྱིས་བཀག་པ་ལས་བྱུང་བའི་མི་འོས་པའི་བྱ་སྤྱོད་མང་པོ་སྟེ། ཡོངས་གྲགས་ཀྱི་གསང་བ་ཞེས་པ་དེ་བྱུང་། རིམ་གྱིས་དེ་དག་ཡོད་ཚད་བཅོས་མའི་སྒམ་ཚུགས་འཛིན་མཁན་གྱི་སྤྲུལ་སྐུ་ཆུང་ཆུང་ཚོ་དང་། དེ་མ་ཡིན་པའི་ཆོས་པ་གཞན། ཕྱི་ཚུལ་གྱི་ལྟར་སྣང་གི་རྣམ་པའི་མཛེས་པ་ཁོ་ནར་ཞེན་ནས་དད་པ་བྱེད་མཁན་གྱི་སློབ་མ་ཡོན་བདག་དང་བཅས་པར་རིམ་གྱིས་དཀའ་ངལ་འཕར་མ་མང་པོ་ཞིག་འཕྲད་གཞིར་གྱུར་དང་འགྱུར་བཞིན་པ་སོགས་ལ་ཁོང་གི་ངོས་ནས་གཟིགས་ཚུལ་གཏིང་ཚུགས་པ་ཞིག་འདུག །ཁོང་གིས་སྤྲུལ་སྐུའི་ལམ་ལུགས་ལ་ལེགས་བཅོས་བྱ་ཚུལ་གྱི་ཐད་ལ་དེབ་ཞིག་ཀྱང་བརྩམས་གནང་ཡོད།

ལར་སྔར་གྱི་ལམ་ལུགས་སྲོལ་དེ་དག་ཀྱང་དེ་ཚེ་དེ་དུས་དང་། ཐ་ན་ད་ལྟའང་གཏན་ནས་ཕན་ཐོགས་མེད་པ་ཞིག་ག་ལ་ཡིན་ཏེ། སྐབས་མང་པོ་ཞིག་ཏུ། དེ་ནི་དགོས་མེད་ཀྱི་ཚུལ་འཆོས་ཤིག་ཡིན་པ་དང་། དེས་སོ་སོའང་ཁ་ཞེ་མི་མཚུངས་པ་དང་རྫུན་མ་ཞིག་ཏུ་བཟོ་བཞིན་ཡོད་པ་དང་། ཞེན་འཛིན་དེས་སྐབས་མང་པོ་ཞིག་ཏུ་རང་ཉིད་ཀྱང་ཆོས་ལམ་ལས་རིང་དུ་བྱེད་བཞིན་པའི་གཟིགས་ཚུལ་ཞིག་ཡོད་པ་འདྲ། །

བཅུ་པ། མཛེས་སྡུག་ལྡན་པའི་སྐྱག་རྫུན།

དེའི་ཆེད་དུ་ཁོང་གིས་ཁོང་ཉིད་སྙན་གྲགས་ཅན་གྱི་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་ཡིན་པ་དང་། བླ་ཆེན་གྱི་མཚན་གནས་ཡོད་པ། བཤད་སྒྲུབ་ལས་གསུམ་གྱི་བསྟན་པའི་གནས་གཞི་ཆེན་པོ་ཞིག་གིས་བདག་པོ་ཡིན་བཞིན་དུ། མི་ཚོས་སྐྱོན་བརྗོད་དང་དགག་པ་བྱེད་པ་གཟིགས་བཞིན་དུ། རྐང་བཙུགས་ནས་པར་དེ་འདྲ་བརྒྱབ་ནས་དྲ་ལམ་ན་འགྲེམ་གནང་གིན་འདུག །སྐབས་རེར་ཁོང་གིས་བུད་མེད་ཀྱི་ཆས་སུ་ཞུགས་ནས་ཕྱི་རྒྱལ་གྱི་གྲོང་ཁྱེར་དེ་འདྲ་ནས་ཕེབས་ཞོར་སློབ་མ་ཚོར། ཉེ་མ་རིང་ནས་ངའི་ཕྱི་བཞིན་ཤོག་ཅིག་ཅེས་བཀའ་གནང་གིན་ཡོད་འདུག །

དེང་སང་ཕལ་མོ་ཆེས། ང་སྤྱི་ཚོགས་དྲ་ལམ་ལ་ཡོང་གི་མེད་ཅེས་གཞན་གྱི་སྐྱོན་བརྗོད་སོགས་མ་མཐོང་བ་ལྟར་བྱེད་པ་དང་། འགའ་ཞིག་གིས་ཡག་ས་བཟང་ས་ཁོ་ན་དྲ་ལམ་ལ་འགྲེམ་སྤེལ་བྱེད་པས་རྒྱ་སྐད་དུ་འདི་ལ་མཛེས་སྡུག་ལྡན་པའི་སྐྱག་རྫུན་(美丽的谎言)ཞེས་ཟེར། རིན་པོ་ཆེ་ནི་དེ་འདྲ་ཞིག་མ་རེད། ཁོང་གིས་ཡོད་ཚད་དེ་ལས་ལྡོག་སྟེ་གནང་གི་རེད། ཁོང་གི་སྤྱི་ཚོགས་དྲ་རྒྱ་ནི་དངོས་ཡོད་ཀྱི་དེ་རིང་གི་སྤྱི་ཚོགས་དང་སང་ཉིན་གྱི་འཚོ་བར་ལྟ་བའི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གཟིགས་ཀྱི་འདུག་ལ། རང་ཉིད་གང་ཡིན་པ་དེ་ཁ་གསལ་བཟོ་སའི་སྡིངས་ཆ་ཞིག་ཏུའང་དགོངས་ཡོད།

མདོར་ན། སྤྱི་ཚོགས་རྒྱུད་ལམ་ནི་རང་གཞན་གཉིས་ཀ་གསལ་བའི་མེ་ལོང་ངོས་གཉིས་པ་ཞིག་རེད། ཁོང་གི་ཆ་ལུགས་འདྲ་མིན་གནང་བཞིན་པའི་སྐུ་པར་འགའ་རེ་ནི་གློག་བརྙན་འཁྲབ་སྐབས་ཀྱི་འཁྲབ་ཚན་དུ་ཞུགས་པའི་པར་དེ་འདྲའང་རེད་མོད། ཁོང་གིས་ནི་དེ་ལྟར་ཡིན་པའི་གསལ་བཤད་གནང་རྒྱུ་ལས་ལྡོག་སྟེ། རྐང་བཙུགས་ནས་དྲ་ལམ་དུ་འགྲེམ་བཞིན་ཡོད།

བཅུ་གཅིག་པ། ཕྱི་གསལ་ནང་གསལ་ལ་དགའ་བའི་དུས་རབས།

ཁོང་གིས་ཐེངས་གཅིག ༼    ངོ་དེབ་ཐོག་མར་དར་སྐབས། ངའི་ངོ་དེབ་རེད་ཟེར་བའི་ངོ་དེབ་ཅིག་མི་ཚོས་ང་ལ་བསྟན་བྱུང་། ངས་བལྟས་དུས་པར་འདྲ་ཆགས་པོ་མང་པོ་ནང་དུ་བཞག་ཡོད་པའི་ངའི་མིང་ཐོག་ནས་བཟོས་པའི་ངོ་དེབ་ཅིག་རེད། ཡིན་ན་ཡང་། སྐབས་དེར་ང་ལ་ངོ་དེབ་མེད། དེ་ནས་ངས་ཁོང་ཚོར། ཁྱེད་ཚོས་གོ་ནོར་མ་ཐེབས། ང་ནི་འདི་འདྲའི་ཚུལ་མཐུན་དང་བབ་ཆགས་པོ་དེ་འདྲ་ཞིག་གཏན་ནས་མིན་ཞེས་ལབ་པ་ཡིན། དེ་རྗེས་ངས་ང་རང་རང་གིས་ངོ་དེབ་ཅིག་སྒོ་ཕྱེས་ནས་ནམ་རྒྱུན་གྱི་འཚོ་བ་དངོས་ཀྱི་ཁྲོད་ཀྱི་རང་ཉིད་གང་ཡིན་པ་དེ་དྲ་ཐོག་ཏུ་བཞག་ནས་མི་ཚོས་གོ་བ་ལེན་སྟངས་མ་ནོར་བ་ཞིག་ཡོང་ཐབས་བྱས་པ་ཡིན། ༽   ཞེས་གསུངས་མྱོང་།

ལར་ནས་རིན་པོ་ཆེས་རང་ཉིད་གང་ཡིན་པ་དེ་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་ཆོས་པ་ཞིག་ལ་ཧ་ཅང་གལ་ཆེན་ཡིན་པར་གཟིགས་ཀྱི་འདུག །དེ་ནི་དེང་སང་གི་མིའི་སེམས་ཁམས་ཀྱི་ངོས་ནས་བཤད་ན་ཡང་། མིའི་སེམས་ཁམས་དང་ཐག་ཉེ་ཤོས་སུ་གཅར་སྟངས་ཤིག་ཡིན་པར་གཟིགས་ཡོད། མ་གཞི་ཡིན་ཡང་ཡིན་ས་རེད། དེང་སང་གི་མི་ཚང་མ་ཕྱི་གསལ་ནང་གསལ་ལ་དགའ་མོས་ཤུགས་ཆེར་བྱེད་པའི་དུས་རབས་ཤིག་རེད།

བཅུ་གཉིས་པ། ཉམས་ལེན་གྱི་གྲུབ་ཆ་གལ་ཆེན།

རྒྱུ་མཚན་བཞི་པ་ནི། ངས་བསམ་ན་གནང་སྟངས་དེ་ནི་རིན་པོ་ཆེས་སྒེར་གྱི་ཉམས་ལེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གཟིགས་ཀྱིན་མེད་དམ་སྙམ།  རིན་པོ་ཆེས་གནང་སྟངས་དེས་མི་ཚོས་ཁོང་ལ་འདྲ་མིན་ཞུས་ཀྱང་ཁོང་ཧ་ཅང་ཐུགས་མཉེས་པོ་གནང་ནས་བཞུགས་བཞིན་འདུག །ལར་དེ་ནི་ངས་རང་ཉིད་ཀྱི་ནང་ཆོས་ཀྱི་ཤེས་རྟོགས་ཕྲན་བུ་དེའི་ངོས་ནས་འགྲེལ་བརྗོད་ཅིག་བྱས་ནའང་། ལམ་འཁྱེར་གྱི་ཉམས་ལེན་ཧ་ཅང་གལ་ཆེན་ཞིག་ཡིན་ས་རེད་སྙམ་པའི་ཚོར་སྣང་རྒྱུད་མར་ཡོད། རོ་སྙོམས་དང་། ཐོག་རྫིས་དང་། གཉན་ས་གཅོད་པ་དང་། ལམ་དུ་ལྷོངས་པ་སོགས་ཀྱང་ངེས་པར་དུ་མི་མེད་ལུང་སྟོང་ཞིག་ལ་སོང་ནས་ཀུ་འདེབས་དགོས་པ་ཞིག་མ་རེད། ལར་དེ་ནི་གོ་ཁ་ནས་དཔའ་གཏམ་བཤད་པ་དང་འདྲ་པོ་རེད། དེང་སང་དྲ་ཚོམས་ཤིག་ཏུ་ཞུགས་ནའང་། མི་མང་བརྒྱ་ཕྲག་མང་པོའི་སྔུན་ནས་ཅི་ཡིན་འདི་ཡིན་མེད་པར་དམའ་འབེབས་དང་འཚང་འབྲུ་ཡིད་ཚིམ་པ་དེ་འདྲ་བྱེད་མཁན་ཧ་ཅང་མང་། དེ་དག་ལ་གདོང་གཏོད་ཀྱིན་རང་གི་དྲན་ཤེས་དང་བཟོད་པའི་གོ་ཆ་མ་ཤོར་བ་ཞིག་བྱུང་ན་དེ་ནི་ཧ་ཅང་ལམ་ལྷོང་ཆེན་པོ་ཞིག་ཏུ་རྩི་ཆོག་པ་ཞིག་རེད་འདུག །

ལར། འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ ཁྱབ་པར་སྒྲོག་པར་བྱེད་ན་ཡང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་འདི་ཞལ་དུ་ལེན་མཁན་གྱི་ཐེག་ཆེན་པ་ཞིག་གི་ངོས་ནས་འདི་དག་གང་ཡང་མིན་དགོས་པ་འདྲ་མོད། དོན་དངོས་ཐོག་ང་ཚོ་ནི། བཟོད་སྲན་ཤིན་ཏུ་ཆུང་བ་དང་། བཟེ་རེ་ཤིན་ཏུ་ཆེ་བའི་གནས་བབ་ལས་ཐར་མེད། རིན་པོ་ཆེས་ཆ་ལུགས་དང་གནང་སྟངས་མང་པོ་ཞིག་གིས་དཀའ་ངལ་འདི་ལ་གདོང་ཐུག་གི་འཐབ་འཛིང་གནང་བཞིན་ཡོད་པ་འདྲ།

དེ་བས་དེང་སང་གི་དུས་འདིར་དྲ་ལམ་ནི་ང་ཚོའི་འཚུབ་ལྷོང་ཆེ་ཤོས་ཀྱི་གཉན་ས་རེད། གཉན་ས་འདི་མ་ཆོད་ནས་གྲགས་སྐར་མང་པོ། དྲ་དཔོན་མང་པོ་རང་ཤི་རྒྱག་དགོས་པ་ཞིག་ཆགས་ཀྱི་ཡོད། མི་མང་པོ་ཞིག་ལ་རྣམ་པ་མི་འདྲ་བའི་དཀའ་ངལ་མུ་མེད་པ་ཞིག་སྤྲོད་ཀྱི་ཡོད།

ངས་བསམ་ན། རིན་པོ་ཆེས་གནང་སྟངས་འདི་དག་ནི་ཆེན་པོར་སྙེམས་པའི་རེ་དོགས་ཀྱི་འཛིན་འཁྲིས་ལ་ཐད་ཀར་དམག་འཐབ་གནང་བའི་རུ་ཤན་གྱི་སྤྱོད་པ་ཞིག་རེད། རིན་པོ་ཆེས་འཁྲབ་ཁྲིད་གནང་བའི་གློག་བརྙན་《ཕོར་བ་》སོགས་དང་། 《ཧི་མ་ཧི་མ་》སོགས་ལ་གཟིགས་ནའང་ཁོང་གི་བསམ་བློ་དང་ལྟ་ཚུལ་གྱི་ངོས་མང་པོ་ཞིག་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཡོད།

བཅུ་གསུམ་པ། ང་ལའང་བློ་ཁོག་འདང་ངེས་ཤིག་མེད་གསུང་།

ལོ་བཅུའི་སྔོན་ཞིག་ལ་གུས་པ་ཐའེ་ཝན་ནས་རིན་པོ་ཆེས་《འཕགས་པ་བགྲེས་མོ་ཞུས་པའི་མདོ》འི་འཆད་ཁྲིད་གནང་བར་བཅར་བ་ཡིན། དེའི་སྐབས་སུ་རིན་པོ་ཆེས། ང་ཚོ་ནི་རྫུ་བག་ལས་ཐར་ཐུབ་ཀྱི་མེད་པ་དང་། ང་ལའང་དེའི་ཐད་ད་དུང་བློ་ཁོག་འདང་ངེས་ཤིག་མེད། ཅེས་གསུངས་པའི་བཀའ་མོལ་ཞིག་གིས་ང་ལ་ཚོར་སྣང་ཆེན་པོ་སྤྲོད་མྱོང་། ལོ་ལྔའི་ཡར་སྔོན་གྱི་ཁོང་གི་གློག་བརྙན་ཧི་མ་ཧི་མ་ཞེས་པ་དེར་ཡང་། འཁྲབ་སྟོན་པ་ཚང་མས་གདོང་འབག་གྱོན་ཏེ་ང་ཚོ་གདོང་འབག་གྱོན་ནས་འཚོ་བ་སྐྱེལ་མཁན་ཡིན་པའི་དོན་དངོས་དེ་གང་ལེགས་མཚོན་ཐབས་གནང་ཡོད་ལ། ཁོང་ལ་མཚོན་ན་ཟོག་རྫུ་དང་། ཚུལ་འཆོས་ཀྱི་གདོང་འབག་ནི་ངེས་པར་དུ་འདོར་དགོས་པ་ཞིག་ཡིན་པ་དང་། གདོང་འབག་འདི་ནི་སྤྱི་ཚོགས་དང་ཆོས་པ་གཉིས་ཆར་གྱི་ངོས་ནས་རུལ་སུངས་ཀྱི་རྒྱུ་རྐྱེན་ཞིག་ཡིན་པར་དགོངས་ཀྱི་འདུག །ལར་ཆེ་ས་ནས་བཤད་ན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་རིགས་སུ་སྨོས་པ་ཡོད་ཚད་གདོང་འབག་ཅིག་ཡིན་ས་རེད།

བཅུ་བཞི་པ། འོན་ཀྱང་། ཡག་ཤོས་ཟེར་བ་ཞིག་མེད།

ཁོང་གི་གནང་སྟངས་དང་དགོངས་གཞི་ནི་དེ་འདྲ་རང་ཡིན་མོད། ཡང་མི་ཚང་མས་ཁོང་ནང་བཞིན་ཡོང་ཐུབ་པ་ཞིག་ག་ལ་ཡིན། མ་གཞི་ཡོང་དགོས་པ་ཞིག་ཀྱང་མིན་ཏེ། གང་ཟག་སོ་སོ་ལ་འོས་ཤིང་འཚམས་པའི་ཐབས་ལམ་རེ་ཡོད་ཆོག་པས། ངེས་པར་དུ་ཁོང་གི་གནང་སྟངས་ཁོ་ན་དུས་རབས་འདིའི་མི་ཚང་མར་རན་ཤོས་ཡིན་པའི་བསམ་ཚུལ་ནི་ངས་ཀྱང་འཛིན་གྱི་མེད། ལྟ་སྤྱོད་གང་ཡིན་ཡང་ཡུལ་དུས་གནས་སྐབས་ཚང་མར་གཅིག་རང་ལྟོས་མེད་ཀྱི་ཡག་ཤོས་དང་འཚམས་ཤོས་ཟེར་བ་དེ་འདྲ་ཞིག་ཡོང་ཐབས་མེད་པ་ནི་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་། ང་སྒེར་ལ་མཚོན་ན། རིན་པོ་ཆེའི་གནང་སྟངས་དེ་དག་ལ་དྲང་ཕྱོགས་ཀྱི་གོ་བ་ཡག་པོ་ཞིག་རྙེད་ཀྱི་འདུག་ལ། ལྟ་ཚུལ་འདི་དག་ནི་གུས་པས་ཁོང་ལ་དད་གུས་དང་ཡིད་ཆེས་ཞུ་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་ཀྱང་ཡིན།

བཅོ་ལྔ་བ། གུ་ཡངས་ནང་གི་གུ་དོག 

ཁོང་སྒེར་གྱི་ཀུན་སྤྱོད་ཀྱི་ཆ་ནས་ཁོང་ནི་ཧ་ཅང་དེང་རབས་ཅན་དང་། ཡང་ན་གུ་ཡངས་ཤིག་ཏུ་སྣང་ན་ཡང་། བརྒྱུད་པའི་ཆོས་ལུགས་དང་གསང་སྔགས་ཀྱི་ཕྱག་ལེན་སོགས་ཀྱི་ཐད་ཁོང་ནི་ཧ་ཅང་གུ་དོག་གི་རིགས་ཤིག་རེད། ང་ཚོས་རང་གི་ཀུན་སྤྱོད་ཀྱི་གསང་སྒྲོགས་ལ་འཛེམས་ཟོན་ཆེན་པོ་བྱེད་པ་ལས། གསང་སྔགས་ཀྱི་གསང་སྒྲོགས་ལ་ཅི་མི་སྙམ་པ་ནི་ཡོངས་ཁྱབ་ཏུ་གྱུར་ཡོད་མོད། རྫོང་སར་མཁྱེན་བརྩེས་ནི་རང་གི་གསང་བ་སྒྲོགས་པ་ལས་གསང་སྔགས་ཀྱི་གསང་བ་འདིར་གཞན་ལས་ལྟོས་བཅས་ཀྱིས་གུ་དོག་གནང་གིན་ཡོད། ཁོང་གིས་ཉེ་ཆར་གྱི་དྲིས་ལན་ཞིག་ཏུའང་། དྲ་ལམ་ནས་དབང་བསྐུར་བ་དང་། བརྙན་པར་བསྐྱར་ཟློས་ཀྱིས་དབང་ཐོབ་པར་ཁས་འཆེ་བ་སོགས་ལ་དོགས་འདྲི་གནང་ཡོད་ལ། སྔགས་བླ་མེད་ཀྱི་ཁྱད་པར་གྱི་དམ་རྫས་དང་། ལྷ་ཞལ་སྦྱོར་སོགས་དྲ་ལམ་དུ་འཇོག་རྒྱུར་དོགས་ཟོན་དགོས་པའི་དྲན་སྐུལ་ཡོངས་ཁྱབ་ཏུ་གནང་ཡོད། མཁྱེན་བརྩེ་ཐེབས་རྩ་དང་། བརྒྱད་ཁྲི་བཞི་སྟོང་གི་གཞུང་ཕྱོགས་ཀྱི་དྲ་ཚིགས་དག་གིས་ཀྱང་འདི་རིགས་ལ་གཟབ་ནན་ཆེན་པོ་བྱེད། ཁོང་གི་བརྒྱད་ཁྲི་བཞི་སྟོང་གིས་བཀའ་འགྱུར་གྱི་དབྱིན་བསྒྱུར་གྱི་ལས་གཞིར་ཡང་གསང་སྔགས་ཀྱི་རྒྱུད་གཅིག་ཀྱང་ཚུད་མེད། ཁོང་གིས་ནམ་རྒྱུན་ཡོངས་ཁྱབ་ཀྱི་བཀའ་ཆོས་མང་པོ་ཞིག་མདོ་སྡེ་རང་གཙོར་འདོན་གནང་གིན་ཡོད།

ཁོང་གི་ཆེ་བར་བགྲང་མི་འོས་ན་ཡང་མ་བགྲང་ཐབས་མེད་ཅིག་ནི། ཁོང་ནི་སངས་རྒྱས་ལ་ཧ་ཅང་ཤ་ཞེན་ཆེན་པོ་ཡོད་པ་ཞིག་ཡིན་ལ། སངས་རྒྱས་པའི་གྲངས་འབོར་ལའང་སེམས་ཁུར་གནང་མཁན་ཞིག་རེད་འདུག །འདི་ཚང་མ་མང་པོ་ཞིག་གིས་དོ་སྣང་བྱུང་མེད་མོད། རིན་པོ་ཆེའི་ཕྱག་ལེན་འདི་དག་གི་རྒྱབ་ལོགས་སུ་ཡོད་པའི་ཁོང་གི་དགོངས་པ་བཞེས་སྟངས་དེར་ངས་ནི་སྔར་ནས་དོ་སྣང་བྱུང་ཡོད།

བཅུ་དྲུག །རྒྱལ་མཚམས་མེད་པའི་གཟིགས་རྒྱང་།

མདོར་ན། ཁོང་གི་གཟིགས་རྒྱང་དང་ཕྱག་ལས། ཁོང་གིས་བསྟན་པ་སྤྱི་ལ་གནང་བའི་ཐུགས་ཁུར། དེ་བཞིན་ཁོང་ལ་ཡིད་ཆེས་ཞུ་ཁན་གྱི་ཚོགས་སྡེ་བཅས་ཀྱི་ཁྱབ་ཁོངས་ལ་རྒྱལ་མཚམས་ཟེར་བ་ཞིག་ཡེ་མེད་པ་རེད། དེ་ནི་ཁོང་གི་ཐུགས་རྗེ་དང་ཤེས་རབ་དེ་སྲོལ་རྒྱུན་གྱི་ཚིག་གཅིག་སྤྱད་ནས་ཞུས་ན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཞེས་པ་དེའི་ཕྱོགས་ལ་ཉེ་བཞིན་ཡོད་པ་འདྲ།

ལར་ཁོང་གཅིག་པུ་མ་རེད། ཁོང་གི་སྐུ་ཕྲེང་གོང་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཉིས་ཆར་ཡང་། དེ་ཚེ་དེ་དུས་ཀྱི་སྤྱིར་བཏང་གི་མིའི་བསམ་བློ་དང་གོམས་གཤིས་ཀྱི་ཁྱབ་ཁོངས་ནས་ཐོད་ཀྱི་བརྒལ་བའི་དགོངས་པ་བཞེས་ཐུབ་མཁན་ཞིག་དང་། ཕྱག་ལས་གནང་ཐུབ་མཁན་ཞིག་བྱུང་འདུག །མ་ཟད་ཤུགས་རྐྱེན་དང་ནུས་པའང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་བྱུང་ཡོད། དེ་ལ་བསམས་ནས་གུས་པས་སྔར་ཞིག་ལ་བྲིས་པའི་རྩོམ་ཡིག །《འཇིགས་ཞུམ་མེད་པའི་མི་》ཞེས་པར་ཡང་།

སྐྱེས་རབས་ཕྲེང་བ་གཅིག་དང་གཉིས་དང་གསུམ།།
ཚང་མས་ནམ་མཁའི་སྒོང་རྒྱ་བརྟོལ་བ་སྟེ།།
དུས་ཀྱི་འཁྲབ་ར་གཅིག་དང་མ་གཅིག་ལས།།
དོན་ལ་གསུམ་ཀ་མས་ཁལ་ཇག་སོན་ལགས།།

ཚེར་མའི་རལ་གྲི་གཟེངས་པའི་རི་སུལ་ན།།
འཇིགས་ཞུམ་མེད་པའི་མི་ཞིག་མཆིས་སོ་སྐད།།
ཤིན་ཏུ་དཔའ་བ་ཉིད་ཀྱི་གླུ་ལེན་པ།།
ཁྱེད་ནི་ཐུབ་པའི་དཔའ་ཐུལ་གཞན་ཞིག་ལགས།།ཞེས་བྲིས་མྱོང་།

གང་ལྟར་འདི་དག་ཚང་མ་ང་སྒེར་གྱི་ལྟ་ཚུལ་ཙམ་ཞིག་རེད། འགྲིགས་ཡོད་མེད་ནི་མི་ཤེས། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་༡༠ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་བོ་སྔོན་པོར་འཕྲལ་བྲིས་པ་ལས། ཚེས་༡༡ ཉིན་མེ་འཁོར་ནང་ནས་འགྲོ་ཞོར་མཇུག་ཡོངས་སུ་གྲུབ་པར་བགྱིས་པའོ།།རྫོགས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༩ སྔོན་ལ།
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

༢༠༢༥/༡༠/༣༠
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨

མཆན། 5

  1. Thupten Tsephel says:
    ལོ་ 3 སྔོན།

    ༄༅། །མཛད་སྤྱོད་མི་མཐུན་སྣ་ཚོགས་ཡོད་ཆོག་དེ། །བཤད་ཆོས་སྒྲུབ་ཆོས་གཉིས་ཀའི་གཞི་རྩ་དེ། །ཚུལ་ཁྲིམས་ཡིན་པ་ལུང་ཁྲིད་མན་ངག་མཐུན། །དེ་ལས་བརྒལ་ན་ཚུལ་འཆལ་ཡིན་པའང་མཐུན། །
    རྟོག་པའི་བཏགས་ཙམ་ཟེར་བའི་གོ་བ་དེ། །རང་གིས་གང་བཟོ་གང་ཟེར་དེ་མ་ཡིན། །འཇིག་རྟེན་མིག་ལས་བརྒལ་བ་དེ་ཡང་མིན། །སྣང་གནས་གཉིས་ཀྱི་བར་ནང་ཕྲ་ཐིག་ཞིག །
    ཆ་ལུགས་མང་རུང་སྡོམ་གསུམ་ལྕགས་རིས་སྐོར། །ལྟ་ཚུལ་གང་ཡོད་ཕྱག་རྫོགས་ནང་དུ་བསྡུ། །བསྒོམ་པ་བཟང་ན་སེམས་ལ་ཡར་རྒྱས་དགོས། །དེ་གསུམ་འཛོམ་ན་སྐྱེས་བུ་དམ་པ་ཡིན། །
    སངས་རྒྱས་བསྟན་པ་འཛིན་ལ་ཁྲིམས་ཞིག་གསུང། །སེམས་ཅན་དོན་དུ་ཕན་ལ་ཁྲིམས་ཞིག་གསུང། །པཎ་ཆེན་ནཱ་རོ་འབྲུག་པ་ཀུན་ལེགས་སོགས། །ཀུན་གྱིས་ཁྲིམས་དེ་བསྲུང་ནས་རྣམ་ཐར་སྐྱོངས།།

    Reply
  2. འོད་གསལ says:
    ལོ་ 3 སྔོན།

    དམ་པ་ཁོང་ལ་ནམ་ཡང་གུས་འདུད་ཞུ་ཞུ

    Reply
  3. གངས་ཅན་པ། says:
    ལོ་ 3 སྔོན།

    སྐུ་ཉིད་རྫོང་གསར་མཁྱེན་བརྩེ་ཡིན་ནམ།

    Reply
  4. Thupten Tsephel says:
    ལོ་ 3 སྔོན།

    ལྟ་སྒོམ་སྤྱོད་གསུམ་ལས། སྤྱོད་པ་ནི་ཆ་ལུགས། གདུལ་བྱའི་དོན་དུ་ཕེབས་པའི་ཆ་ལུགས། གདུལ་བྱའི་བསམ་པ་དང་མཐུན་པའི་ཆ་ལུགས། གདུལ་བྱ་གཞི་དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་འགོད་པའི་ཐབས། སྡོམ་པ་གསུམ་གང་རུང་དང་མ་བྲེལ་བའི་སྤྱོད་པ།

    Reply
  5. བན་དེ་མཁར། says:
    ལོ་ 3 སྔོན།

    རྫོང་སར་མཁྱེན་བརྩེ་རིན་པོ་ཆེར་ “སུ་གང་ལའང་བསྟུན་དགོས་མེད་” སྙམ་པའི་འདོད་ཚུལ་ཞིག་ཡོད་པ་འདྲ། དེའི་དབང་གིས་ཁོ་རང་གི་ཕྱི་ནང་གི་སྤྱོད་ཚུལ་ཡང་དེ་འདྲ་ཞིག་མངོན་པ་མིན་ནམ་སྙམ།
    དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་དཔལ་ནཱ་ལེན་དྲཱའི་རྒྱུན་འཛིན་པ་ཡིན་གསུངས་དུས། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས། འགའ་ཤས་ཀྱིས་ག་དུས་ཡིན་ཡང་དཔལ་ནཱ་ལེན་དྲཱ་ཞེས་ཞེ་པོ་ཞིག་ལབ་སྡོད་ཀྱི་འདུག ནཱ་ལེན་དྲཱ་ཙམ་མིན་པར་བྲི་ཀ་མ་ལ་ཤཱི་ལ་སོགས་གཙུག་ལག་སློབ་ཁང་མང་པོ་ཡོད་རེད་པ། ཅེས་ཁྲེལ་དགོད་བྱེད་པ་དང་། ཡང་༸གོང་ས་མཆོག་གིས་རིགས་ལམ་སློབ་སྦྱོང་བྱེད་དགོས་རྒྱུར་བཀའ་སློབ་ཡང་ཡང་ཕེབས་པའི་སྐབས། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས། མི་ཁ་ཤས་ཀྱིས་ག་དུས་ཡིན་ཡང་རིགས་ལམ་དང་རིགས་ལམ་ཞེས་ལབ་སྡོད་ཀྱི་འདུག ཚིག་སྐམ་པོ་རྩོད་ནས་ཆོ་ག་རེ་ཡོད་རེད། ཅེས་སོགས་གདོང་གི་རྣམ་གྱུར་དང་སྐད་ཆའི་ཚིག་ལས་བརྡ་ཞིག་སྤྲོད་ཐབས་བྱེད་ཀྱི་འདུག་ག འདི་ཚོ་ས་སྐྱ་༸གོང་མ་ཁྲི་ཆེན་གྱིས་དྲུང་ནས་ཐོབ་པའི་ཉམས་བཞེད་ག་ལ་ཡིན། ཨོ་རྒྱན་སྟོབས་རྒྱལ་དང་རྒྱལ་བ་འབྲུག་པ་ཟེར་བས་ངན་བསླབས་བྱས་པའི་ཤུགས་རྐྱེན་རེད་ཨང་། སྙམ་པ་ཤུགས་ཀྱིས་ཚོར་ཐུབ།
    མི་མང་པོ་ཞིག་གིས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་བློ་ཁ་ཡངས་པོ་དང་། དེང་རབས་ཀྱི་བསམ་བློ་ཡོད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱང་། ཆོས་ལུགས་དང་གྲུབ་མཐའི་ཞེན་པ་འཛིན་སྟངས་དེ་ཚོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ས་སྐྱ་༸གོང་མ་ཁྲི་ཆེན་གྱི་མན་ངག་ཏིལ་ཙམ་ཡང་མ་ཐོབ་པའི་བཟོ་ལྟའང་མཐོང་རྒྱུ་ཡོད།
    མ་གཞི་ཁོང་གི་རྗེས་འཇུག་པ་ཚོས་དེ་ཚོ་ཡག་པོ་མཐོང་ན་ང་ལ་ཁྱད་པར་དམིགས་བསལ་མེད་ཀྱང་། བོད་ཀྱི་སྤྲུལ་སྐུ་ཞིག་ཡིན་ན། བོད་ཀྱི་དད་པའི་སྟོབས་ཤུགས་མ་བརླགས་པ་བྱ་རྒྱུའི་འགན་འཁུར་ནི་སྤྲུལ་མིང་འཛིན་པ་ཡོངས་ལ་འཁྲི་ཡོད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese