ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡུལ་ལུང་གང་སར་ཁྱབ་པའི་དཀའ་ངལ་འོག་ཊི་བི་གློ་ནད་ལ་བརྟག་དཔྱད་སྨན་བཅོས་བྱེད་པར་འགོག་རྐྱེན་ཆེན་པོ་བྱུང་བའི་རྐྱེན་གྱིས་འདས་ལོར་ཊི་བི་ནད་མནར་བྱུང་བ་བརྒྱ་ཆ་ ༤ ལྷག་ཇེ་མང་དུ་ཕྱིན་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་ཁག་ ༢༠༢ ཀྱི་ནང་གློ་ནད་ཊི་བིའི་གནས་སྟངས་སྐོར་གྱི་ཕྱི་ལོ་ ༢༠༢༢ ལོའི་གོ་ལའི་གློ་ནད་ཊི་བིའི་སྙན་ཐོ་ (Global Tuberculosis Report 2022) བཏོན་པའི་ནང་། འདས་ལོར་འཛམ་གླིང་སྤྱི་ཡོངས་སུ་ཊི་བི་རྐྱེན་གྱིས་མི་གྲངས་ས་ཡ་ ༡།༦ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ས་ཡ་ ༡༠།༦ ཙམ་ལ་ཊི་བི་ནད་རྟགས་ཐོན་པའི་ཁྲོད། སྐྱེས་པ་ས་ཡ་ ༦ དང་སྐྱེས་མ་ས་ཡ་ ༣།༤། བྱིས་པ་ས་ཡ་ ༡།༢ བྱུང་ཡོད་སྐོར་དང་། འདས་ལོར་འཛམ་གླིང་ཡོངས་སུ་འཆི་རྐྱེན་ཚབས་ཆེ་ཤོས་དང་པོ་དེ་ཏོག་དབྱིབས་གཉན་རིམས་དང་། གཉིས་པ་དེ་ཊི་བི་གློ་ནད་ཆགས་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱིས་ཊི་བི་གློ་ནད་སྔོན་འགོག་དང་དུས་ཐོག་སྨན་བཅོས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད།
སྙན་ཐོ་དེ་དང་འབྲེལ་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཊི་བི་ལས་གཞིའི་ངེས་སྟོན་པ་སྨན་པ་ཊི་རི་རྫ་ཀཱ་སཱེ་ཝ་ (Dr. Tereza Kasaeva) ལགས་ཀྱིས། སྙན་ཐོ་འདི་བརྒྱུད་ནས་ང་ཚོ་མཉམ་རུབ་ཀྱིས་ཊི་བི་ནད་གཞི་འགོག་ཐབས་དང་བཅོས་ཐབས་ཀྱི་ཐོག་ལ་དཀའ་ལས་བརྒྱག་དགོས། ཊི་བི་ནད་པ་རྣམས་ལ་གང་ཐུབ་ཀྱིས་གཅེས་སྐྱོང་དང་ཚེ་སྲོག་སྐྱོབ་ཐུབ་དགོས་པའི་དམིགས་ཡུལ་བརྟན་པོ་འཛིན་དགོས་ལ། འབྱུང་འགྱུར་ཕྱི་ལོ་ ༢༠༢༣ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཊི་བི་ནད་གཞི་དང་འབྲེལ་བའི་ཚོགས་ཆེན་བསྐོང་ཚོགས་གནང་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་སྐོར་སོགས་བསྒྲགས་ཡོད་པ་རེད།
གློ་ནད་ཊི་བི་སྐོར་གྱི་སྙན་ཐོ་དེའི་ནང་དུ། འདས་ལོར་གོ་ལ་ཡོངས་སུ་མི་གྲངས་ས་ཡ་ ༡༠།༦ ཙམ་ལ་ཊི་བི་ནད་མནར་བྱུང་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༢༠ དང་བསྡུར་ན་བརྒྱ་ཆ་ ༤།༥ ཡར་འཕར་ཡོད་པ་དང་། དེ་བཞིན་མྱོས་རྫས་ངན་གོམས་བྱུང་བའི་མི་གྲངས་བརྒྱ་ཆ་ ༣ འཕར་འདུག མདོར་ན་འདས་ལོར་ཊི་བི་རྐྱེན་གྱིས་མི་གྲངས་ས་ཡ་ ༡།༦ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་ཁྲོད། མི་གྲངས་ ༡༨༧༠༠༠ ཙམ་ལ་ (HIV) ནད་རྟགས་ཐོན་ཡོད་འདུག ད་དུང་ཏོག་དབྱིབས་ཀྱིས་འགྲོ་སྐྱོད་དང་འབྲེལ་འདྲིས་བཀག་སྡོམ་ཤུགས་ཆེན་བྱས་ཤིང་། ཡུན་རིང་ཁ་རས་གྱོན་པ་དེས་ཊི་བི་འགོས་ཁྱབ་ཏུ་མི་འགྲོ་བར་ཕན་ཐོགས་བྱུང་ཡོད་འདུག ཡིན་ནའང་། ནད་མནར་བྱུང་ཡང་ཏོག་དབྱིབས་གཉན་རིམས་ལ་ཞེད་སྣང་གིས་བརྟག་དཔྱད་མ་བྱས་པ་དང་། དུས་ཐོག་སྨན་བཅོས་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་བྱུང་ཡོད་འདུག
ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༦༧ པའི་སྟེང་། གོ་ལ་ཡོངས་སུ་ཊི་བིའི་ནད་གཞི་གཙང་བཟོ་ (End TB) ལས་གཞིའི་མགོ་འཛུགས། དེ་ནས་རིམ་པས་ཊི་བི་ནད་གཞི་གཙང་བཟོའི་ (End TB) ལས་གཞི་ལ་འགྱུར་བ་ཕྱིན་ཏེ། ཕྱི་ལོ་ ༢༠༣༥ བར་དུ་གོ་ལ་ཡོངས་སུ་ཊི་བིའི་ནད་གཞི་རྩ་མེད་ (end the global TB epidemic) བཟོ་རྒྱུའི་དམིགས་ཡུལ་ཆེན་པོ་བཟུང་སྟེ། ཕྱི་ལོ་ ༢༠༣༥ བར་དུ་ཊི་བིའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་དེ་ཕྱི་ལོ་ ༢༠༡༥ ལས་བརྒྱ་ཆ་ ༩༥ ཡིས་ཉུང་དུ་གཏང་རྒྱུ་དང་། ཕྱི་ལོ་ ༢༠༣༥ བར་དུ་ཊི་བི་ནད་པ་གསར་པ་དང་ནད་སློག་བརྒྱབ་པའི་གྲངས་ཚད་དེ་ཕྱི་ལོ་ ༢༠༡༥ ལས་བརྒྱ་ཆ་ ༩༠ ཉུང་དུ་གཏང་རྒྱུ། དེ་བཞིན་ཊི་བིའི་ནད་ཡམས་ཁྱབ་གདལ་གཙང་སེལ་བྱ་རྒྱུའི་དམིགས་ཡུལ་ཡོད་པ་ལྟར། ད་བར་འཛམ་གླིང་ས་ཕྱོགས་གང་སར་ཊི་བིའི་ནད་རྟགས་ཡོད་མཁན་ལ་སྨན་བཅོས་དང་། སྔོན་འགོག་ལ་སོགས་པའི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་འདུག
ལོ་བཞིའི་སྔོན་ཏེ་ ༢༠༡༨ ཟླ་ ༩ ཚེས་ ༢༦ ཉིན་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཊི་བིའི་ནད་ཡམས་འགོག་ཐབས་དང་འབྲེལ་བའི་ཚོགས་ཆེན་དང་པོ་འཚོགས་པའི་ནང་། ཊི་བི་ནད་ཡམས་གཙང་བཟོའི་ལས་གཞི་གོང་འཕེལ་གཏང་རྒྱུ་དང་འབྲེལ་བའི་གྲོས་ཆོད་ཐོག་གླེང་སློང་གནང་སྟེ། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་མཉམ་རུབ་ཀྱིས་ཊི་བི་ནད་ཡམས་གཙང་བཟོའི་གྲོས་ཆོད་ལ་ཐག་གཅོད་གཏན་འབེབ་བྱུང་རྗེས། འབྱུང་འགྱུར་ཕྱི་ལོ་ ༢༠༣༠ བར་དུ་མི་མང་ཚང་མས་མཉམ་རུབ་ཀྱིས་ཊི་བི་རྩ་མེད་བཟོ་ཐུབ་པ་བྱ་རྒྱུའི་དམིགས་ཡུལ་ཡོད་པ་རེད།
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་སུ། བོད་པའི་སྤྱི་ཚོགས་ནང་ཊི་བིའི་གནས་སྟངས་གང་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། ད་ལྟའི་ཆར་བཙན་བྱོལ་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ནང་ཊི་བི་ནད་གཞི་ཕོག་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། དེ་སྔ་བོད་མི་གྲངས་ ༣༠༠ དང་ ༤༠༠ དབར་ལ་ཊི་བི་ནད་རྟགས་ཐོན་ཡོད་ཀྱང་། ཕྱིས་སུ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཁ་རས་གྱོན་པ་དང་ལག་པ་འཁྲུད་པ། དེ་བཞིན་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་སོགས་ཀྱིས། ད་ལྟའི་ཆར་ཊི་བི་ནད་རྟགས་ཡོད་པའི་མི་གྲངས་ ༩༥ ཡས་མས་ཤིག་འདུག དེར་བརྟེན། ད་ལྟའི་ཆར་ཊི་བིའི་ནད་གཞི་ཕོག་མཁན་གྱི་མི་གྲངས་ཉུང་དུ་ཕྱིན་ཡོད་པ་དང་། བོད་པའི་སྤྱི་ཚོགས་སུ་ཊི་བི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་སྐོར་དང་། སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་བོད་པའི་སློབ་གྲྭ་ཁག་དང་། དགོན་པ་སོགས་ལ་སྐོར་སྐྱོད་ཀྱིས་ཊི་བི་ནད་རྟགས་ཡོད་མེད་དང་སྨན་བཅོས་སོགས་ཀྱི་བྱེད་སྒོ་ཁག་མུ་མཐུད་དུ་སྤེལ་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༧ ནས་བཟུང་བོད་པའི་སྤྱི་ཚོགས་དང་དམིགས་བསལ་གྱི་བོད་ཕྲུག་རྣམས་ལ་ཊི་བི་ནད་གཞི་གཙང་སེལ་ (Zero TB in Tibetan Kids) གྱི་ལས་གཞི་མགོ་བཙུགས་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༡༢ ནས་ ༢༠༢༡ བར་དུ་བོད་མི་གྲངས་ ༢༤༨༩ ལ་ཊི་བི་ནད་རྟགས་ཐོན་ཡོད་པའི་ཁྲོད། བོད་མི་ ༨༢ ཙམ་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་བྱུང་།
ཊི་བི་ཞེས་པའི་གློ་ནད་འདིའི་བྱུང་རིམ་ལོ་རྒྱུས་ལྟར་ན། ལོ་ངོ་ ༩༠༠༠ སྔོན་ལ་ད་ལྟའི་ཨི་ཛི་རལ་ (Israel) གྱི་ (Atlit Yam) ཞེས་པའི་མཚོ་འགྲམ་དུ་ཡོད་པའི་གྲོང་གསེབ་ཅིག་ནས་ཊི་བི་ནད་པ་ཐོག་མར་བྱུང་བར་བརྗོད་ཅིང་། ཕྱིས་སུ་འཇར་མན་གྱི་སྨན་པ་གྲགས་ཅན་(Dr. Robert Koch) ཞེས་པའི་ཞིག་གིས་ཞིབ་འཇུག་རིམ་པ་བྱས་རྗེས། ཕྱི་ལོ་ ༡༨༨༢ ཟླ་ ༣ ཚེས ༢༤ ཉིན་ན་ཚ་དེའི་འབྱུང་ཁུངས་གཙོ་བོ་ནི་ (Mycobacterium tuberculosis) ཞེས་པའི་ཕྲ་སྲིན་ཞིག་ཡིན་པ་ཐོག་མར་ར་འཕྲོད་ཡོད་སྟབས། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ནི་འཛམ་གླིང་ཊི་བི་ཉིན་མོར་གཏན་འབེབ་ཀྱིས་གློ་ནད་དེའི་སྐོར་ལ་གོ་རྟོགས་གོང་སྤེལ་དང་། སྔོན་འགོག་བཅོས་ཐབས་བཅས་ཀྱི་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་རེད། ཕྱི་ལོ་ ༡༧༠༠ ཙམ་ལ་ན་ཚ་དེའི་མིང་ལ་ (the white plague) དང་། ༡༨༠༠ ལོར་ (consumption) སོགས་མི་འདོགས་སྟངས་མི་འདྲ་བྱུང་ཡོད་ཀྱང་། ད་ལྟའི་ཆར་ཊི་བིའམ་ (Tuberculosis) ཞེས་འབོད་ཀྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།