མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་ནད་ཇུས་ཉེས་ཀྱིས་རྒྱ་ནག་གི་བགྲེས་སོང་ཚོར་གྱོང་གུད་ཚད་མེད་བཟོས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་མི་རབས་རྒན་པ་ཚོ་ཧ་ཅང་མགྱོགས་པོ་རྐྱེན་འདས་སུ་ཕྱིན་པའི་ཁྲོད། ཤུལ་ལུས་ནང་མི་རྣམས་བློ་ཕམ་ཡིད་རྨུག་གི་གནས་སུ་གྱར་བཞིན་ཡོད།

ཀཊ་སུ་ཇི་ན་ཀ་ཛ་ཝ། (Katsuji Kakazawa)

པ་སངས་ཚེ་རིང་གིས་བསྒྱུར།

རྒྱ་ནག་ནང་མི་རབས་གཞོན་པ་ཚོས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ནང་འགྲིམ་འགྲུལ་བྱེད་སྐབས། མི་རབས་རྒན་པ་ཚོར་རྐུབ་སྟེགས་སྤྲོད་རྒྱུར་སྣང་དོགས་རྩ་བ་ནས་བྱེད་ཀྱི་མེད། སྔར་ནས་ད་བར་རྒྱ་ནག་གི་ཁུང་ཙིའི་སློབ་གསོའི་ནང་མི་རབས་རྒན་པ་ཚོར་གུས་བཀུར་ཞུ་རྒྱུའི་སྲོལ་རྒྱུན་དེ་ཡོད། འོན་ཀྱང་། ཏོག་དབྱིབས་གཉན་རིམས་ ༡༩ རྒྱ་ནག་གི་མི་འབོར་ཐེར་འབུམ་ ༡།༤ ཡི་ཁྲོད་ཁྱབ་བརྡལ་འགྲོ་སྐབས། དེའི་གྱོང་ཁ་ས་ཡ་ ༢༠༠ ལྷག་བརྒལ་བའི་མི་སེར་རྒན་པ་ཚོའི་མགོ་ཐོག་ཏུ་ལྷུང་ཡོད།

ཉིན་རེར་བགྲེས་སོང་རྐྱེན་འདས་ཀྱི་གྲངས་ཚད་དེ་འདྲ་འདས་ལོའི་ཕྱི་ཟླ་ ༡༢ པའི་རྗེས་སུ་བྱུང་མྱོང་མེད། ཕལ་ཆེར་དེའི་ཡར་སྔོན་ལའང་བྱུང་མེད་སྲིད། ནད་ཡམས་འདིས་རྒྱ་ནག་གི་ཕུལ་བྱུང་མི་སྣ་འགའ་ཤས་ཀྱི་ཚེ་སྲོག་འཕྲོག་ཡོད། དེའི་ཁྲོད་དུ་རང་ལོ་ ༨༠ ཡན་ལ་སླེབས་པའི་རྒྱ་ནག་ཚན་རིག་ལྟེ་གནས་ཁང་དང་རྒྱ་ནག་འཆར་འགོད་ལྟེ་གནས་ཁང་གི་ཚོགས་མི་དྲག་གྲས་ཚུད་ཡོད། ད་ལྟ་རྒྱ་ནག་ནང་མི་རབས་གཞོན་པའི་ཁྲོད་རྐྱེན་འདས་འགྲོ་བཞིན་པའི་གྲངས་ཚད་ཉུང་ཞིང་། གྲོང་ཁྱེར་ཆེ་ཁག་ནང་གཞོན་པ་ཚོ་སྔར་རྒྱུན་ལྟར་ཕྱིར་ཐོན་ནས་འཁྱམ་ཉུལ་བྱེད་བཞིན་ཡོད་ནའང་། བགྲེས་སོང་མང་པོ་རྐྱེན་ལམ་དུ་འགྲོ་བཞིན་པ་དེས། རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཇུས་ཉེས་ཀྱིས་མི་ཆོས་རིང་ལུགས་སམ་མིའི་བདེ་སྡུག་གི་གནས་སྟངས་ཐོག་ཤུགས་རྐྱེན་ཇི་སྤྲད་ཐད་དྲི་བ་ཆེན་པོ་སླེབས་ཀྱི་ཡོད།

རྒྱ་ནག་གི་ས་ཁུལ་འདྲ་མིན་ནས་ཁྲིམས་རྩོད་པ་རྣམས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་བརྒྱུད་རྒྱ་ནག་དབུས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་ “བགྲེས་སོང་ཚོ་སྐྱོབས་རོགས་” ཞེས་པའི་འབོད་ཚིག་བསྐུར་ཡོད་པ་མ་ཟད། སྲིད་གཞུང་ངོས་ནས་འཕྲལ་དུ་ཕྱི་རྒྱལ་ནས་ནད་སྐྱོབ་ཀྱི་ནུས་པ་མཐོ་བའི་སྨན་རྫས་ཕོན་ཆེ་ནང་འདྲེན་བྱ་རྒྱུའམ། ཡང་ན་རྒྱལ་ཁབ་རང་དུ་གང་ཐུབ་བཟོ་སྐྲུན་བྱ་རྒྱུས་མཚོན་པའི་ཐབས་ཇུས་ལག་བསྟར་དགོས་པའི་འབོད་སྐུལ་ཞུས་ཡོད།

སྲིད་གཞུང་གིས་བཏོན་པའི་གྲངས་ཐོ་དེས་དངོས་ཡོད་གནས་སྟངས་སྟོན་ཐུབ་ཀྱི་མེད། འོན་ཀྱང་རྒྱ་སྐད་ཐོག་ཊན་ཝེ་( DanWei, 单位) ཞེས་ས་གནས་ས་ཐོག་གི་ལས་བྱའི་རུ་ཁག་གིས་མི་སྒེར་འདས་གྲོངས་ཀྱི་གྲངས་ཐོ་ཁུངས་འཕེར་ཉར་ཚགས་དང་གསལ་བསྒྲགས་བྱེད་ཀྱི་ཡོད་ཅིང་། དེ་དག་གི་གྲངས་ཐོ་རྣམས་བསྡོམས་ཚེ་ཧ་ཅང་མཐོན་པོ་རེད། མི་སྒེར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་མང་པོ་ཞིག་སློབ་གྲྭ་ཆེན་མོའི་སྦྱང་པང་སྟེང་དུ་གསལ་བསྒྲགས་བྱས་ཡོད་ལ། ཡང་རེ་འགའ་དྲ་ལམ་ཐོག་སྤེལ་ཡོད། དོན་དངོས་ཐོག་རྒྱ་ནག་དབུས་གཞུང་གིས་ཧ་ཅང་ཛ་དྲག་ཡིན་པའི་དངོས་ཡོད་གནས་སྟངས་དེ་སྦེད་སྐུང་བྱེད་ཐབས་མེད་པ་ཞིག་རེད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་རྒྱ་ནག་གི་བྱང་བརྒྱུད་གྲོང་ཁྱེར་ཏ་ལེན་ (Dalian) གྱི་སློབ་གྲྭ་ཆེན་མོ་ཞིག་གིས། སློབ་གྲྭ་དེ་རང་གི་བགྲེས་ཡོལ་ཟིན་པའི་སློབ་དཔོན་དང་། དགེ་རྒན། ལས་བྱེད་གཞན་ཚུད་པའི་མི་གྲངས་ ༢༥ འདས་གྲོངས་སུ་ཕྱིན་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད། རྒྱ་ནག་གི་སྤྱི་ཚོགས་ཀྱི་འཁོར་རྒྱུགས་ལ་དོ་སྣང་ཡུན་རིང་བྱེད་མཁན་གྱི་ཆེད་མཁས་པ་ཞིག་གིས། ཉེ་ཆར་རྒྱ་ནག་གི་སློབ་གྲྭ་ཆེན་མོ་དག་གི་འདས་གྲོངས་སུ་ཕྱིན་པའི་བགྲེས་ཡོལ་ལས་བྱེད་རྣམས་ཀྱི་གྲངས་ཐོ་དེ། སྔར་ལོ་དང་བསྡུར་ན་ལྡབ་གསུམ་ནས་དྲུག་དབར་ལ་སླེབས་ཡོད་པ་ཤེས་རྟོགས་བྱུང་འདུག

དེ་བཞིན། རྒྱ་ནག་གི་ཧྥོ་ཅེན་ (Fujian)མངའ་ཁུལ་གྱི་ས་གནས་ཤིག་གི་དུས་རྒྱུན་གྱི་གཤིན་པོའི་པུར་སྦྱང་གི་ཆ་སྙོམས་གྲངས་ཚད་དང་བསྡུར་ན། འདི་ལོའི་ལོ་མགོ་ནས་བཟུང་ལྡབ་ལྔ་ནས་དྲུག་དབར་འཕར་ཡོད་པ་བསྒྲགས་འདུག ཡང་མངའ་སྡེ་དེའི་ནང་འདས་གྲོངས་སུ་ཕྱིན་པའི་སློབ་གྲྭ་ཆེན་མོ་ཁག་གི་བགྲེས་ཡོལ་ལས་བྱེད་གཙོས་པའི་ཁོང་ཚོའི་ནང་མི་དང་། གཞན་ཡང་དགེ་རྒན་དང་ལས་བྱེད་གཞན་བཅས་ཀྱི་གྲངས་ཐོ་དེ། སྔར་ལོ་དང་བསྡུར་ན་དམའ་མཐར་ལྡབ་བཅུ་ཡིས་འཕར་ཡོད། སློབ་གྲྭ་ཆེན་མོ་ཁག་གིས་དབུས་གཞུང་ལ་འཛེམ་གཟོན་གྱིས་རྐྱེན་འདས་ཕྱིན་པའི་རྒྱུ་རྐྱེན་བཤད་ཀྱི་མེད་ཀྱང་། དེ་དག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་དོགས་སློང་བྱ་མ་དགོས་པ་ལྟ་བུ་རེད།

རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཐོག་མར་མཆེད་པའི་སྐབས་དེར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སེམས་གསོ་ལྟ་བུའི་ཚུལ་གྱིས་གང་བསྟུན་བྱས་ཡོད་ནའང། ད་ལྟ་རྒྱ་ནག་གཞུང་འབྲེལ་གྱི་ནད་པའི་འདས་གྲངས་དང་ས་གནས་ས་ཐོག་གི་གནས་སྟངས་གཉིས་དབར་ཧེ་བག་ཆེན་པོ་ཤོར་བཞིན་པ་དེར་སྐྱོན་བརྗོད་བྱེད་ཀྱིན་ཡོད། དེ་ལྟར་ནའང་། རྒྱ་ནག་གཞུང་ངོས་ནས་རང་གི་ལངས་ཕྱོགས་ལ་བསྒྱུར་བཅོས་གཏང་རྒྱུའི་རྣམ་པ་མངོན་གྱི་མེད། རྒྱ་ནག་གི་མགོ་འཁྲིད་ཚོས་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲིའི་གཏམ་བཤད་ནང་སྔར་རྒྱུན་བཞིན། རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་པ་དང་མི་མང་རྣམས་ཞི་བདེའི་དཔལ་ལ་རོལ་བ་ཞེས་པའི་འབོད་ཚིག་བསྐྱར་ཟློས་ཙམ་ལས་བགྲེས་སོང་ཚོའི་ཛ་དྲག་གནས་སྟངས་སྐོར་ནས་གང་ཡང་བཤད་མེད།

འོན་ཀྱང་ས་གནས་ས་ཐོག་གི་གནས་སྟངས་ནི་ཧ་ཅང་ཛ་དྲག་ཡིན། རྒྱལ་ཡོངས་ཀྱི་སྨན་རྫས་ཚོང་ཁང་ནང་ཚ་བ་འཇོམས་སྨན་རྫོགས་ཏེ་ཉོ་རྒྱུ་མེད་ལ། སྨན་ཁང་ཁག་གི་ལས་བྱེད་མང་པོར་ཏོག་དབྱིབས་འགོས་ཏེ་ནད་པ་གསར་པར་ལྟ་རྟོག་བྱེད་ཐུབ་ཀྱི་མེད་པ་རེད། ནག་ཚོང་ཁྲོམ་རའི་ནང་མཚོན་ན། ཨ་རི་སྨན་རྫས་བཟོ་སྐྲུན་ཁང་པི་ཧྥའེ་ཛར་(Pfizer) གྱིས་བཟོ་སྐྲུན་བྱས་ཤིང་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་པའི་ཏོག་དབྱིབས་ན་ཚའི་སྨན་པེག་སི་ལོ་ཝིཌ་ (Paxlovid) ཟེར་བ་དེ་རིན་པ་ལྡབ་བསྒྱུར་གྱིས་ཤོག་སྒམ་རེར་རྒྱ་སྒོར་ཁྲི་ ༡ ལས་མར་འཚོང་གི་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་ནང་ས་འགུལ་བྱུང་སྟེ་གནོད་འཚེ་ཆེན་པོ་ཐེབས་སྐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མི་ཉུང་བ་མདུན་ལ་ཐོན་ཏེ་མང་ཚོགས་ལ་སྨན་རྫས་བགོ་འགྲེམ་དང་ངལ་སེལ་གྱི་བྱ་བ་བསྒྲུབས་ཡོད་ཅིང་། སྐབས་དེར་མང་ཚོགས་ལ་རྒྱ་ནག་ནང་གཞི་ནས་སྤྱི་དམངས་ཚོགས་སྡེའི་ལས་ཀ་དངོས་སུ་མགོ་བཙུགས་པའི་རེ་བ་གསར་བ་ཞིག་བྱིན་ཡོད། འོན་ཀྱང་ལོ་ངོ་ ༡༥ རྗེས་སུ་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་ཕྱིར་བཤིག་བརྒྱབ་ཡོད། སྲིད་འཛིན་ཞི་ཅིན་ཕིང་གོ་གནས་ལ་སླེབས་པ་ནས་བཟུང་། རྒྱ་ནག་གི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་རང་དབང་གི་ཐོག་ནས་ལས་ཀ་བྱེད་ཐུབ་ཀྱི་མེད། དེ་ལྟར་ཡིན་དགོས་དོན་ཡང་ཚོགས་པ་དེ་དག་ནང་དམར་ཤོག་ཚོགས་པའི་ཚོགས་མི་སིམ་འཛུལ་བྱས་ཡོད་པས་ཡིན། ལྟ་ཞིབ་པ་ཞིག་གིས། ད་ལྟ་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཐབས་རྡུག་འདི་འདྲ་སྐབས་སུའང་དང་བླངས་ངལ་སེལ་གྱི་བྱ་འགུལ་སྤེལ་མཁན་ཕལ་ཆེར་མེད་པ་རེད། སྤྱི་དམངས་ཚོགས་སྡེ་ཉམས་དམས་སུ་ཕྱིན་ཡོད་པ་མངོན་གསལ་རེད། ཅེས་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་ནང་ལོ་ན་ ༦༥ དང་དེའི་ཡན་གྱི་མི་འབོར་ས་ཡ་ ༢༠༠ ཡོད་ཅིང་། དེ་ནི་ཉི་ཧོང་དང་དབྱིན་ཡུལ་གྱི་མི་འབོར་མཉམ་བསྡུས་དང་གཅིག་མཚུངས་རེད། མི་རབས་གཞན་དང་བསྡུར་ན་ཁོང་ཚོར་ཏོག་དབྱིབས་གཉན་རིམས་འདིས་གནོད་འཚེ་ཆེ་ཤོས་ཕོག་གི་ཡོད། རྒྱ་ནག་གི་རྒྱལ་ཡོངས་གྲངས་ཐོ་ཚན་པ་ལྟར་ན། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ནང་མི་གྲངས་ས་ཡ་ ༡༠།༡༤ རྐྱེན་འདས་ཕྱིན་ཡོད། སྔ་ཕྱི་མ་གཏོགས་ཕྱི་ལོ་ ༢༠༢༢ ལོའི་མི་གྲངས་འདས་གྲོངས་ཀྱི་གྲངས་ཐོ་ཕྱིར་བསྒྲགས་བྱ་ངེས་རེད། དེ་དུས་ང་ཚོས་འཆི་རྐྱེན་མངོན་གསལ་མེད་ནའང་། ནད་ཡམས་འདིས་མི་གྲངས་ཇི་ཙམ་གྱི་ཚེ་སྲོག་འཕྲོད་ཡོད་མེད་ཤེས་རྒྱུ་རེད། དེ་ཙམ་དུ་མ་ཟད། གང་འཚམ་ནས་མང་ཚོགས་ཁྲོད་གཞུང་གི་ཏོག་དབྱིབས་ཇུས་ཉེས་ཐད་དོགས་འདྲི་བྱ་རྒྱུ་རེད། རྒྱ་ནག་ནང་མཚོན་ན་དེ་སྔ་སྲིད་ཇུས་ནོར་འཁྲུལ་ཅན་ལག་བསྟར་བྱས་པའི་རྐྱེན་གྱིས་མཇུག་འབྲས་ངན་པ་ཐོན་ཡོད། མའོ་ཙེ་ཏུང་གི་མདུན་མཆོངས་ཆེན་མོའི་ལས་འགུལ་(༡༩༥༨-༡༩༦༡) དང་རིག་གནས་གསར་བརྗེའི་ལས་འགུལ་ (༡༩༦༦-༡༩༧༦) གཉིས་ཀྱིས་རྒྱ་ནག་ནང་འགྱུར་ལྡོག་ཆེན་པོ་བསླངས་ཏེ། ཕྱིའི་ཞིབ་འཇུག་པ་རྣམས་ཀྱིས་ལས་འགུལ་དེས་རྒྱ་ནག་གི་མི་འབོར་གཏོར་གཟུགས་(population pyramid) ཉིད་ཡོ་འཁྱོག་ཏུ་བཏང་ཡོད་སྐོར་བརྗོད་འདུག

ད་ལྟའི་དུས་ཚོད་འདིར་དངོས་འབྲེལ་བྱས་ན་མི་གྲངས་འདི་ཙམ་འཆི་བ་ལས་སྐྱོབ་ཐབས་ཡོད་པ་རེད། གལ་ཏེ་རྒྱ་ནག་ངོས་ནས་ནུབ་ཕྱོགས་ནས་ཨར་ཨེན་ཨེ་ (mRNA) ཅན་གྱི་སྔོན་འགོག་སྨན་ཁབ་ནང་འདྲེན་བྱས་ཡོད་ཚེ། ད་ལྟ་བགྲེས་སོང་འདི་ཙམ་འདས་གྲོངས་སུ་ཕྱིན་མེད་ཚོད་རེད། ད་ལྟ་གནས་སྟངས་ཕྱོགས་ཡོངས་ནས་ཛ་དྲག་ཡིན་ནའང་། བཟང་བའི་ཆ་ཡང་མངོན་རྒྱུ་འདུག གང་ཡིན་ཟེར་ན། ད་ལྟའི་ནད་རླབས་ཀྱི་མཐོ་རླབས་དེ་འདས་ལོའི་ཕྱི་ཟླ་ ༡༢ ནང་པེ་ཅིན་ཚུད་པའི་གྲོང་ཁྱེར་ཆེ་ཁག་ནང་ཐོན་ཏེ་ད་ལྟ་འཇགས་ཟིན་པའི་གནས་སྟངས་ཡིན་པ་དང་། མི་མང་རྣམས་ད་ལྟ་སྔར་རྒྱུན་བཞིན་ཕྱིར་ཐོན་ཏེ་ལྷིང་འཇགས་བག་ཕེབས་ཀྱི་འཚོ་བར་བསྐྱར་ཞུགས་བྱེད་བཞིན་པ་རེད།

རྒྱ་ནག་ནང་གཉན་རིམས་འགོས་པའི་མི་ལ་ “ལུག་” ཅེས་འབོད་ཀྱི་ཡོད། དེ་ལྟར་བརྗོད་དགོས་དོན་ནི། རྒྱ་ནག་གི་སྐད་ནང་ནད་པའི་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་གདགས་གཤིས་ཐོན་པ་ཞེས་པའི་ཚིག་འབྲུའི་ནང་ “དབྱང” ཟེར་བའི་ཚིག་ཡོད་ཅིང་། དེ་ནི་རྒྱ་སྐད་ཀྱི་ལུག་ཅེས་སྒྲ་དང་མཚུངས་པས་དེ་ལྟར་བརྗོད་པ་ཡིན།  གྲོགས་པོ་ཕན་ཚུན་ངོ་ཐུག་སྐབས་ “ཁྱེད་རང་ལུག་ཆགས་ཟིན་ནམ་” ཞེས་པའི་བརྗོད་རྒྱུ་རྒྱུན་གཏན་ལྟ་བུ་ཆགས་ཟིན་ལ། དོན་དངོས་ཐོག་ཁྲོམ་དཀྱིལ་མི་ཚོགས་ཕལ་ཆེ་བའང་ལུག་ཆགས་ཟིན་པ་ཤ་སྟག་ཡིན།

ཟླ་འདིའི་ནང་རྒྱ་ནག་གི་ལོ་སར་གུང་སེང་འཁེལ་གྱི་ཡོད་ཅིང་། སྐབས་དེར་རྒྱལ་ཡོངས་ནང་མི་ཚོགས་ཀྱི་འགྲིམ་འགྲུལ་ཤུགས་ཆེ་ཡོད་པས། གལ་ཏེ་ལོ་གསུམ་ཙམ་རྗེས་བཀག་སྡོམ་གློད་ནས་མི་འབོར་ཐེར་འབུམ་གཅིག་ལྷག་རང་གི་ཁྱིམ་ཚང་དུ་ཕྱིར་ལོག་གིས་རང་གི་ནང་མི་སྤུན་མཆེད་དང་མཉམ་ལོ་སར་ལ་རོལ་ཚེ། དེས་རྒྱལ་ཡོངས་ནང་བསྐྱར་དུ་ནད་ཡམས་ཁྱབ་བརྡལ་འགྲོ་རྒྱུའི་ཉེན་ཁ་ཡོད། རྒྱ་ནག་དབུས་གཞུང་ལ་མཚོན་ན། གནས་སྟངས་ལེགས་ཤོས་དེ་འདི་ལོའི་ཕྱི་ཟླ་ ༢ པའི་མཇུག་བར་ནད་ཡམས་ཚོད་འཛིན་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནད་འགོག་ནུས་པ་ཆེར་བསྐྱེད་ཐོག ཕྱི་ཟླ་ ༣ པའི་མགོར་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་འཚོག་ཐུབ་པ་བྱ་རྒྱུ་དེ་རེད། གནས་སྟངས་དེ་ལྟ་བུ་ཞིག་བྱུང་ན། ཚོགས་ཆེར་དེར་སྲིད་བློན་གསར་པར་བསྐོ་གཞག་གཏན་འཁེལ་ཟིན་པའི་རྒྱ་ནག་གི་མགོ་འཁྲིད་གཉིས་པ་ལི་ཆང་ (Li Qiang) ལ་མཚོན་ན་སྲིད་བློན་གྱི་ལས་ཡུན་བཀྲ་ཤིས་བདེ་ལེགས་ངང་མགོ་འཛུགས་ཐུབ་པ་ཡིན། འོན་ཀྱང་བཟང་ཕྱོགས་ཀྱི་གནས་སྟངས་དེ་ལྟ་བུ་ཞིག་ཡོང་རྒྱུར་བར་ཆད་མང་པོ་ཡོད། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་བྱུང་བ་ལྟར། ནད་ཡམས་ཀྱི་རླབས་དང་པོའི་རྗེས་ལ་གཉན་སྲིན་གྱི་རྣམ་པར་འགྱུར་ལྡོག་བྱུང་སྟེ་ནད་རླབས་གཉིས་པ་དང་གསུམ་པ་སླེབས་རྒྱུ་ཡོད་པ་རྒྱུན་ལྡན་རེད།

རྒྱ་ནག་གི་ནད་ཡམས་རྩ་མེད་ཀྱི་སྲིད་ཇུས་དེ་ཨོ་མི་ཁོ་རོན་ལྟ་བུའི་འགོས་ཁྱབ་ཆེ་བའི་གཉན་སྲིན་ཐོག་ཕན་ནུས་ཆེན་པོ་ཐོན་མེད། གཞུང་གིས་སྲིད་ཇུས་དེ་མ་དོར་གོང་ནས་མང་ཚོགས་ཁྲོད་དགག་བྱ་འདོན་མཁན་བྱུང་ཡོད། འོན་ཀྱང་སྲིད་ཇུས་དེར་གྱེས་ཁའི་གཡབ་མོ་བྱེད་མཁན་ནི་ཤོག་སྟོང་ལས་འགུལ་དེ་རེད། གཞུང་རྒོལ་ལས་འགུལ་དེ་རྒྱ་ནག་གི་སློབ་གྲྭ་ཆེན་མོ་དང་ས་ཁུལ་འདྲ་མིན་ ༡༦༠ ལྷག་ནང་མཉམ་དུའམ། ཡང་ན་གཅིག་རྗེས་གཉིས་མཐུད་ཀྱི་ཚུལ་དུ་ཐོན་ཡོད་ཅིང་། མང་པོས་ལས་འགུལ་དེ་ཐོག་མར་ཅང་སུ་ (Jiangsu) མངའ་སྡེའི་ནེན་ཅིང་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་ནད་ཡམས་རྩ་མེད་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་སྐབས་ལག་ཏུ་ཤོག་སྟོང་འཁྱེར་བ་དེ་ནས་མགོ་བཙུགས་པར་ཡིད་ཆེད་བྱེད་ཀྱི་ཡོད། གཞོན་སྐྱེས་ཚོས་ཕན་ཚུན་དབར་བརྡ་ལན་བྱས་ཏེ་ཐབས་ལམ་འདྲ་མིན་བརྒྱུད་ཡུན་རིང་བསགས་པའི་ཁོང་ཁྲོ་དང་སུན་སྣང་ཡོད་ཚད་ཕྱིར་བཏོན་ཡོད།

དོན་དངོས་ཐོག་རྒྱ་ནག་གཞུང་གིས་དུས་ཐོག་བྱ་དགོས་པ་དེ་ནི། བགྲེས་སོང་གཙོ་བོར་བྱས་པའི་རང་གི་མི་སེར་རྣམས་ལ་ཕན་ནུས་ལྡན་པའི་སྔོན་འགོག་སྨན་ཁབ་སྦྱིན་དགོས་པ་མ་ཟད། ཚ་བ་འཇོམས་བྱེད་ལྟ་བུའི་སྨན་རྫས་ཕོན་ཆེན་གྲ་སྒྲིག་བྱ་དགོས་པ་ཡིན།  འོན་ཀྱང་། དེ་ལས་ལྡོག་སྟེ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་རང་གི་རྣམ་པ་བཟོ་སྐྲུན་ཁོ་ནར་དམིགས་ཏེ། ནད་ཡམས་ལས་རྒྱལ་ཁ་བླངས་ཟིན་སྐོར་བསྒྲགས་རྐྱང་བྱས་ཡོད། ནད་ཡམས་འགོག་སྡོམ་གྱི་དུས་ཚོད་གནད་འགག་ཅན་དེ་ཆུད་ཟོས་སུ་བཏང་རྗེས། རྒྱ་ནག་དབུས་གཞུང་གིས་ཧོལ་རྒྱུགས་ངང་ནད་ཡམས་རྩ་མེད་ཀྱི་སྲིད་ཇུས་དེ་འདོར་དགོས་བྱུང་བ་རེད།

ད་ལྟ་ཕྱིར་བལྟས་ཤིག་བརྒྱབ་ན། ཉི་ཧོང་ནང་མང་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་འགོག་སྡོམ་གྱི་བྱ་འགུལ་ལ་འཐུས་ཤོར་བཏང་བའི་བསམ་ཚུལ་ཤུགས་ཆེར་སླེབས་པའི་རྐྱེན་གྱིས། སྲིད་འཛིན་ཤིན་ཛོ་ཨ་བྷེ་དང་། ཡོ་ཤི་ཧི་དེ་སུ་གྷ་གཉིས་རང་གི་ལས་གནས་ནས་ཕྱིར་བཤོལ་བྱ་དགོས་བྱུང་ཡོད། འོན་ཀྱང་ཕྱི་ཚུལ་ནས་བལྟས་ན། དམངས་གཙོའི་འོས་བསྡུ་མེད་པའི་ས་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་རང་གི་རྐུབ་སྟེགས་འཆོར་རྒྱུའི་སེམས་ཁྲལ་མེད་པ་འདྲ།

དེ་ལྟར་ཡིན་ཀྱང་། དཔལ་འབྱོར་ཉམས་བཞིན་པའི་སྐབས་འདིར། རྒྱ་ནག་གི་ནང་མི་མང་པོས་མུ་མཐུད་རང་གི་ཁྱིམ་མི་རྒན་པ་ཚོ་ཡལ་བཞིན་པའི་གནས་སྟངས་བྱུང་ཚེ། གནས་སྟངས་དེར་འགྱུར་བ་འགྲོ་སྲིད། གལ་ཏེ་མང་ཚོགས་ཁྲོད་ད་ལྟའི་དཀའ་ངལ་འདི་སྲིད་ཇུས་ལ་ནོར་འཁྲུལ་ཤོར་བའི་རྐྱེན་གྱིས་བྱུང་བ་ཤེས་ཚོར་བྱུང་ཚེ། དེས་རིམ་པས་ཞི་ཅིན་ཕིང་གི་སྲིད་གཞུང་ལ་གནོད་འཚེ་ཆེན་པོ་གཏང་ངེས་ཡིན་ལ། མང་ཚོགས་ཀྱི་སེམས་ནང་དེ་ལྟ་བུའི་ཁོང་ཁྲོ་དང་ཞེ་སྡང་སྐྱེས་ཚེ། དེས་ཤོག་སྟོང་ལས་འགུལ་གཉིས་པ་མགོ་འབུད་སྲིད་པ་རེད།

ཀཊ་སུ་ཇི་ན་ཀ་ཛ་ཝ། (Katsuji Kakazawa) ནི་ཊོ་ཀྱོ་ལ་རྟེན་གཞི་བྱས་པའི་ནི་ཀི་(Nikkei Asia)གསར་ཁང་གི་ལས་བྱེད་རྒན་པ་དང་རྩོམ་སྒྲིག་བྱ་བ་སྒྲུབ་མཁན་ཡིན། ཁོ་པས་རྒྱ་ནག་ནང་ལོ་བདུན་རིང་ས་གནས་གསར་འགོད་པའི་བྱ་བ་བསྒྲུབས་ཏེ་ཕྱིས་དེར་ཡོད་པའི་ནི་ཀི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་གྱི་ལས་འཁུར་ཞུས་ཡོད། ཁོ་པར་ཕྱི་ལོ་ ༢༠༡༤ ལོར་ Vaughn-Ueda ཞེས་པའི་རྒྱལ་སྤྱིའི་གསར་འགོད་པའི་གཟེངས་རྟགས་ཐོབ་ཡོད།

མ་རྩོམ་གྱི་འབྲེལ་ཐག https://asia.nikkei.com/Editor-s-Picks/China-up-close/Analysis-China-s-elderly-pay-ultimate-price-for-COVID-missteps

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese