མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ལོག་གོད་ཆག་བྱུང་རྗེས་ཀྱི་བོད་འབྲུག་ཆུ་རྫོང་གི་གནས་སྟངས།         

བོད་ཀྱི་དུས་བབ།
༢༠༢༣/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ཟླ་ ༨ ནས་ ཕྱི་ལོ ༢༠༢༢ ཟླ ༡༢ པའི་བར་དུ་འབྲུག་ཆུའི་ཁྱིམ་ཚང་ ༣༡༠༧ དང་མི་གྲངས་ ༡༢༣༦༠ ལྷག་ལན་ཀྲོའུ་གྲོང་ཁྱེར་མཁར་གསར་ཁུལ་གྱི་གནས་སྤོ་མི་མང་གཏན་སྡོད་ཁུལ་(兰州新区承接移民搬迁安置区)ཟེར་བར་སྤོ་རུ་བཅུག་འདུག

ལན་ཀྲུའུ་རུ་གནས་སྤོ་བཏང་བའི་བོད་འབྲུག་ཆུ་ས་ཁུལ་གྱི་མི་མང་སྡོད་ཁུལ་གསར་པ། ཤིན་ཧྭ་གསར་ཁང་གི་པར།

ད་ལྟ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ཕྱོགས་སུ་ཆགས་པའི་བོད་འབྲུག་ཆུ་རྫོང་ནི། ཁུལ་དེའི་ཤར་ལྷོའི་མཚམས་ཀྱི་འབྲུག་དཀར་གཙང་པོའི་འབབ་རྒྱུད་དུ་ཆགས་ཤིང་། གནས་དེའི་གནམ་གཤིས་དྲོད་གྲང་སྙོམས་པས་དུས་བཞིར་ལོ་ཏོག་སྨིན་ཞིང་རྩི་ཤིང་ནགས་ཚལ་གྱིས་བརྒྱན་པ་ཞིག་ཡིན་འདུག་ལ། གནས་དེར་ཐུན་མོང་མ་ཡིན་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆ་ལུགས་ཡོད་པ་སོགས་བོད་བཙན་པོའི་དུས་སྐབས་ཀྱི་བཤད་རྒྱུན་མང་པོ་ཡོད་པ་མ་ཟད། ཕྱི་ལོ་ ༡༦༩༧ ལོར་ཇོ་ཏོ་ཚུལ་ཁྲིམས་ཡོན་ཏན་གྱིས་བཞེངས་བའི་ཨོང་གསུམ་དགོན་དགའ་ལྡན་ཆོས་འཕེལ་གླིང་ཞེས་པ་ཕྱག་བཏབ་པ་སོགས་ནང་པའི་བསྟན་པ་རབ་ཏུ་དར་བའི་གནས་ཤིག་དང་། འབྲུག་ཆུ་གཙང་པོའི་བཞུར་རྒྱུན་གྱི་བོན་གྱི་གནའ་རབས་ཡིག་ཆ་འཚོལ་སྡུད་བྱེད་སའི་རྫོང་ཁག་གསུམ་གྱི་ནང་ནས་གཙོ་བོ་ཞིག་ཀྱང་ཡིན་འདུག

གནའ་བོའི་དུས་སུ་འབྲུག་ཆུ་དེ་བོད་ཀྱི་ས་ཆ་བསྙོན་མེད་ཅིག་ཡིན་ནའང་། ད་ལྟའི་ཆར་མི་རིགས་དུ་མ་མཉམ་སྲེས་བྱས་ཏེ་ཡུལ་དེའི་བོད་རིགས་རྣམས་ཀྱི་བོད་སྐད་བོད་ཡིག་གི་གནས་ཚད་ཧ་ཅང་ཉམས་དམས་སུ་ཕྱིན་ཡོད་འདུག དེའང་རྒྱ་ནག་གཞུང་གི་ཕྱི་ལོ་༢༠༡༠ ལོའི་གྲངས་བཤེར་ལྟར་ན། རྫོང་དེར་ཁྱོན་མི་གྲངས་ ༡༣༤༡༨༨ ཡོད་པ་དང་། དེའི་ནང་བོད་རིགས་ ༤༤༡༧༥ དང་། རྒྱ་རིགས་ ༨༩༨༤༢ ཏེ། སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ ༦༦།༩༥ ཟིན་ཡོད་འདུག་ལ། རྫོང་དེར་ཡུལ་ཚོ་ ༢༠ དང་གྲོང་བརྡལ་ ༢། སྲིད་འཛིན་སྡེ་བ་ཟེར་བ་ ༢༡༠ ཡོད་པར་བཤད།

རང་ཆས་སྤྲས་པའི་བོད་འབྲུག་ཆུ་རྫོང་ཁོངས་ཀྱི་བོད་རིགས་བུད་མེད་ཁག་ཅིག དྲ་ལམ་གྱི་པར།

ད་དུང་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ ཀྱི་དགོང་མོའི་ཆུ་ཚོད་ ༡༡ ཙམ་གྱི་ཐོག བོད་འབྲུག་ཆུ་རྫོང་ཐོག་ལ་གློ་བུར་དུ་ཆུ་ལོག་དང་རི་ཉིལ་བྱུང་སྟེ། གྲོང་སྡེ་གཉིས་གཙོ་བོར་གྱུར་བའི་རྫོང་སློབ་ཆུང་དང་པོ་དང་། རྫོང་ཉེན་རྟོག་ཁང་། རྫོང་བརྡ་འཕྲིན་ལས་ཁུངས་སོགས་སུ་གནོད་སྐྱོན་ཆེན་པོ་ཐེབས་ཏེ། རྒྱ་ནག་གཞུང་ཕྱོགས་ནས་སྐབས་དེར་མི་གྲངས་ ༡༠༠༠ ལྷག་རྐྱེན་འདས་སུ་ཕྱིན་སྐོར་བསྒྲགས་ཡོད་ཀྱང་། ས་གནས་མི་མང་གིས་ཉུང་མཐར་མི་གྲངས་ ༨༠༠༠ ལས་བརྒལ་བ་རྐྱེན་འདས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་ཡང་ཁུལ་དེར་བསྟུད་མར་དྲག་ཆར་བབས་པར་བརྟེན། འབྲུག་ཆུ་རྫོང་ཁོངས་ཀྱི་གྲོང་ཚོ་ ༡༧༦ གི་དུད་ཚང་ཆིག་ཁྲི་ལྔ་སྟོང་ལྷག་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ཐོན་ཡོད་པ་རེད། ཡུལ་དེར་སྔ་གཞུག་ཏུ་ཏུ་རང་བྱུང་གོད་ཆག་བྱུང་རྗེས། རྒྱ་ནག་གཞུང་གིས་རང་བྱུང་གནོད་འཚེ་ལས་ཡོལ་བ་དང་བསྐྱར་སྐྲུན་གྱི་མིང་ཐོག་ནས་ཕྱི་ལོ་ ༢༠༢༡ ལོར་ཟླ་༨ ནས་ལོ་གསུམ་ནང་འབྲུག་ཆུ་རྫོང་ཁོངས་ཀྱི་མི་མང་རྣམས་ལན་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཆིན་ཝང་ཁྲོན་ ( 秦王川)ཟེར་བའི་ས་ཁུལ་གྱི་མཁར་གསར་གནས་སྤོ་མི་མང་གཏན་སྡོད་ཁུལ་ཟེར་བར་སྤོ་རུ་བཅུག་འདུག

ཕྱི་ལོ ༢༠༢༢ ཟླ ༡༢ ཚེས་ ༢༣ ཉིན་འབྲུག་ཆུ་རྫོང་གི་ལོ་དེའི་ཡུལ་མི་གནས་སྤོར་ཐེངས་བཅུ་པ་སྟེ་ཁྱིམ་ཚང་ ༤༢༣ དང་མི་གྲངས་ ༡༧༦༥  སྡེབ་གཅིག་ལ་ལན་ཀྲུའུ་གྲོང་ཁྱེར་གྱི་མཁར་གསར་ཁུལ་དེར་གནས་སྤོ་རུ་བཅུག་འདུག་ལ། རྒྱ་ནག་ཤིན་ཧྭ་གསར་ཁང་གི་དེ་འབྲེལ་གནས་ཚུལ་ལྟར་ན། ཐེངས་འདིའི་གནས་སྤོ་བ་རྣམས་འབྲུག་ཆུ་རྫོང་ཁོངས་ཀྱི་གྲོང་བརྡལ་ ༦ དང་། སྡེ་བ་ ༡༤ ནས་ཡོང་བ་ཞིག་ཡིན་འདུག་ཅིང་། ཕྱི་ལོ་ ༢༠༢༡ ནས་ད་ལྟ་བར་འབྲུག་ཆུའི་ཡུལ་མི་རྣམས་སྔ་གཞུག་ཏུ་ཐེངས་ ༡༦ ནང་དབོར་འདྲེན་བྱས་ཏེ་ཁྱོན་ཁྱིམ་ཚང་ ༣༡༠༧ དང་མི་གྲངས་ ༡༢༣༦༠ ལྷག་གནས་སྤོ་རུ་བཅུག་ཟིན་འདུག

འབུམ་རམས་པ་རྒན་རྒྱལ་ལོ་ལགས་སུ་བཅར་འདྲི་བྱས།

འདི་གའི་གསར་འགོད་པས་ད་ལྟ་ཁེ་ན་ཌའི་ནང་གནས་སྡོད་བྱེད་བཞིན་པའི་སྤྱི་ཚོགས་རིག་པའི་འབུམ་རམས་པ་སློབ་དཔོན་རྒྱལ་ལོ་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས། འབྲུག་ཆུར་ས་རུད་བརྒྱབ་སྟེ་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ནས་སྡོད་ས་ཡག་པོ་མེད་སྐོར་བཤད་དེ། བོད་མི་འབོར་ཆེན་ལན་ཀྲོའུ་གནམ་ཐང་འགྲམ་གྱི་ཀྲུང་ཁྲོན་(中川) ཟེར་བའི་བྱེ་ཐང་དུ་གནས་སྤོ་བྱེད་དུ་བཅུག་སྟེ་ཁང་པ་ཐབས་ཆག་རེའི་ནང་དུ་བཞག་ཡོད་པ་དང་། གནས་སྤོ་བྱས་པའི་བོད་མི་རྣམས་ཀྱིས་ས་གནས་དེར་རྒྱ་མི་ལྟར་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ས་གནས་ལ་སློབ་གྲྭ་བཙུགས་ཡོད་ཀྱང་བོད་ཡིག་གི་སློབ་ཚན་གཅིག་ཀྱང་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ས་ཆ་ཞིག་ལ་ས་ཡོམ་སོགས་ཀྱི་གོད་ཆག་བྱུང་ན་དེ་གོ་སྐབས་སུ་བཟུང་ཏེ་འཆར་གཞི་གསར་པ་ཞིག་བཟོས་ནས། ས་དེ་གའི་མི་མང་གི་ལོ་རྒྱུས་འབྱུང་ཁུངས་དང་བཅས་པ་གཞི་རྩ་མེད་པ་བཟོས་ཏེ་སླར་གསོ་བྱེད་མི་ཐུབ་པའི་ལས་ཀ་བྱེད་ཀྱི་འདུག ཅེས་བརྗོད་བྱུང་།

ལན་ཀྲུའུ་རུ་གནས་སྤོ་རུ་བཅུག་པའི་མི་མང་གི་འཚོ་གནས་སྐོར་ལ་ཁོང་གིས། ལོ་རྒན་པ་རྣམས་ཀྱིས་ཕ་ཡུལ་དྲན་ཏེ་སེམས་ཁམས་ལ་དཀའ་ངལ་ཡོང་གི་ཡོད་འདུག ང་ཚོའི་གཏམ་དཔེར་ཕ་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་བཞིན། ས་ཆ་རྒྱུས་མེད་ཅིག་ཏུ་བསླེབས་ན་ཕ་ཡུལ་དྲན་པའི་དཀའ་ངལ་ཡོང་གི་ཡོད་འདུག། བྱིས་པ་རྣམས་སློབ་གྲྭར་ཕྱིན་ཏེ་རྒྱ་མིའི་གོམས་གཤིས་སུ་འགྱུར་མུས་རེད། སྤྱིར་བཏང་གནས་སྤོ་མི་མང་གི་འཚོ་བ་བསྐྱལ་སྟངས་དང་ཡོང་སྒོ་འཚོལ་སྟངས་ཀྱི་ཐད་ཚང་མར་གསལ་ཁ་མི་འདུག་ཀྱང་། ཁ་ཅིག་གིས་རླངས་འཁོར་བཟོ་བ་དང་ས་འཁུར་རྡོ་ལས་བྱེད་པ་མ་གཏོགས། ཕ་ཡུལ་དུ་ཡོད་སྐབས་ལྟ་བུའི་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༠ ལོར་བོད་འབྲུག་ཆུར་ཆུ་ལོག་གནོད་སྐྱོན་བྱུང་སྐབས། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨། དྲ་ལམ་གྱི་པར། 

ཕྱི་ལོ་ ༢༠༡༡ ལོར་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་དྲུང་ཆེ་ལས་འཕར་ཟུར་བ་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱིས་འབྲུག་ཆུའི་རྒྱུད་དུ་ཆུ་རུད་ཚབས་ཆེན་བྱུང་བའི་རྒྱུ་རྐྱེན་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་དུ། ད་རེས་ཀྱི་ཆུ་རུད་ཀྱི་འཇིག་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད། འབྲུག་ཆུ་རྫོང་ལ་མི་འབོར་བསྡོམས་ཆིག་འབུམ་གསུམ་ཁྲི་ལྷག་ལས་མེད་ཀྱང་། དེ་ལ་ལྟོས་པའི་པེ་ལུང་གཙང་པོ་སྐེད་རིམ་གསར་སྤེལ་དང་། འབྲུག་ཆུ་རྫོང་ཁོངས་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་མིག་སྔར་ ༤༠ ལྷག་ཡོད་ཅིང་། འཛུགས་སྐུན་བྱས་ཟིན་པའི་འབར་ཁམས་ཆུ་ཤུགས་གློག་ཁང་ ༡༥ ཙམ་ཡོད། ད་དུང་སྟག་ཚང་བྲག་རིར་ཆུ་ཤུགས་གློག་ཁང་ ༡༤ འཛུགས་སྐྲུན་བྱེད་བཞིན་པ་རེད། དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཐེབས་པའི་ས་ཁུལ་དུ་ནུས་ཤུགས་གང་ཡོད་ཀྱིས་གསར་འཕེལ་གྱི་ལས་གཞི་སྤེལ་ནས་རྣམ་པར་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད། ལྷག་པར་དུ་ས་གནས་དཔོན་རིགས་ཀྱིས་གསར་འཕེལ་གྱི་ལས་གཞི་སྤེལ་བ་བརྒྱུད་རང་གི་བྱས་རྗེས་ངོམ་ཆེད། ག་དུས་ཡིན་ནའང་རང་གི་མིག་སྔའི་ཁེ་ཕན་ལ་ལྟ་བ་ལས་མི་མང་གི་རྒྱང་རིང་གི་ཁེ་ཕན་ལ་བསམ་ཞིབ་བྱས་མེད། ཆུ་ཤུགས་གློག་ཁང་རྒྱག་རྒྱུར་ཆུའི་མཐོ་ཚད་སྤར་དགོས་པས། དེ་ལྟར་བྱས་ཚེ་རྒྱུག་ཆུའི་གཡས་གཡོན་གྱི་རི་འདབས་ས་འདྲུད་ཤོར་བ་དང་ཆུ་རུད་ཆགས་ཉེན་ཡོད། ཆུ་ཤུགས་གློག་ཁང་བརྒྱབ་ནས་བསྔོགས་པའི་ས་རྡོ་རྣམས་རི་གཤོང་གི་ས་སྟོང་བརྒྱངས་པ་དེས་ས་འདྲུད་དང་ཆུ་ལོག་རྒྱག་རྒྱུའི་སྔོན་འགྲོའི་ས་སོབ་སོབ་བཟོས་པའི་ཆ་རྐྱེན་བསྐྲུན་པ་རེད། ཅེས་བརྗོད་འདུག

འབྲུག་ཆུ་རྫོང་གི་རང་བྱུང་ཉེན་ཁའི་སྐོར་ལ་ཁོང་གིས། གནོད་འཚེ་ཕོག་པའི་འབྲུག་ཆུ་རྫོང་ནི་རྒྱ་ནག་གི་ཁྱབ་ཚད་ཆེ་བའི་གཙང་ཆུའི་འབྱུང་རྩར་ཐུག་ཡོད། པེ་ལུང་གཙང་པོ་ནི་ཅ་ལིན་གཙང་པོའི་ཡ་གྱལ་ཞིག་རེད། ཅ་ལིན་གཙང་པོ་ནི་འབྲི་ཆུའི་ཡ་གྱལ་ཞིག་རེད། གཙང་ཆུའི་འབྱུང་རྩ་ནི་རྒྱ་ནག་གི་ཆུའི་མཆོད་རྟེན་ལྟ་བུ་ཡིན་ལ། རྒྱ་ནག་གི་སྣོད་བཅུད་ཁོར་ཡུག་གཏོར་བཤིག་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། འབྲུག་ཆུ་རྫོང་ལ་ཆུ་རུད་ཀྱི་འཇིག་པ་བྱུང་བ་དེ་གཙང་ཆུའི་འགྲམ་དུ་གསར་སྤེལ་བྱ་ཐལ་དྲགས་པ་དང་། གྲོང་ཁྱེར་གྱི་བཀོད་པ་ནོར་འཁྲུལ་བྱས་པར་བརྟེན་ནས་བྱུང་བ་རེད། དེའི་ངོ་བོ་ནི་གཙང་ཆུའི་འབྱུང་སའི་ས་ཁུལ་གྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཏང་བའི་ངན་འབྲས་ཤིག་རེད། ཅེས་བརྗོད་འདུག

དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༨ པའི་འབྲུག་ཆུར་ཆུ་ལོག་ས་རུད་ཀྱི་གནོད་འཚེ་ཚབས་བྱུང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འབྲུག་ཆུའི་མི་མང་ལ་ཐུགས་གསོ་གནང་བའི་ནང་། མདོ་སྨད་འབྲུག་ཆུ་ས་ཁུལ་ནི་བོད་ཁུལ་དུ་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་གནས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་ཆུ་ལོག་བྱུང་བའི་གནས་ཚུལ་མཐོང་ཐོས་དཀའ་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ནགས་ཚལ་སྨྱོན་ཧམ་ལྟར་གཅོད་འབྲེག་བྱས་པའི་དབང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་འབོར་ཆེན་སྤེལ་བཞིན་པ་སོགས་ནི་ད་ཐེངས་ཆུ་ལོག་ཚབས་ཆེན་ཡོང་བའི་རྐྱེན་རྩ་གཙོ་བོ་ཡིན། ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese