བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༦ པའི་ཐོག་བོད་ཀྱི་སྐད་དང་རིག་གཞུང་ལ་གཞོན་སྐྱེས་རྣམས་དགའ་ཞེན་ཡོང་བར་མཐོ་རིམ་སློབ་མ་རྣམས་ལ་འགན་འཁུར་ཅི་ཞིག་ཡོད་མེད་སོགས་བརྗོད་གཞི་མི་འདྲ་བ་ ༢༠ ཙམ་གྱི་ཐོག་གཏམ་བཤད་དང་བགྲོ་གླེང་བྱེད་ཀྱི་ཡོད་འདུག
ཕྱི་ཟླ་ ༢ ཚེས་ ༢༨ ནས་ཉིན་ལྔའི་རིང་རྒྱ་གར་ལྷོ་ཕྱོགས་བྷང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༦ པ་འཚོག་བཞིན་ཡོད་ཅིང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བྷང་ལོར་གཙུག་ལག་སློབ་གླིང་གི་ཉེ་བའི་རིགས་བདག་འབུམ་རམས་པ་ཇཱ་ཡཱ་ཀཱ་རཱ་སི་(Professor Dr Jayakara S M )མཆོག་དང་། སྐུ་ཞབས་མཱ་ཧེ་ཤ་བྷ་བྷུ་(Shri N Mahesh Babu) ལགས། འབུམ་རམས་པ་ཁེ་སི་ཁཱ་རེ་གྷར་(Professor C S Karegar) ལགས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་ཟླ་བ་ཚེ་རིང་ལགས། འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན་དགོན་སྡེ་དང་མཐོ་སློབ་ ༥༨ ཀྱི་སློབ་མ་ཁྱོན་གྲངས་ ༡༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག་ལ། ཚོགས་ཆེན་མགོ་འཛུགས་ཀྱི་མཛད་སྒོའིི་ཐོག་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དཔེ་དེབ་དབུ་འབྱེད་དང་། སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་རིམ་ཐོབ་མཁན་གསུམ་ལ་གཟེངས་རྟགས་སྤྲད་ཡོད་འདུག
རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དཔེ་དེབ་སྐོར་ལ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ཟླ་བ་བཟང་པོ་ལགས་ཀྱིས། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ནི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་། ནུས་ཤུགས་སྲ་བརྟན། འཐབ་རྩོད་རྒྱུན་འཁྱོངས་ཀྱི་ཆེད་དུ་ལོ་ལྟར་འཚོག་བཞིན་ཡོད་པ་རེད། སྐབས་འདིའི་ཚོགས་ཆུང་གི་ངོས་ནས་༧གོང་ས་མཆོག་གི་བཀའ་སློབ་རང་ངོ་རང་ཤེས་དང་། རང་འགན་རང་འཁུར་གཞིར་བཟུང་བའི་ཐོག་ནས་འཇོན་ཚད་ལ་དཔག་པའི་གོ་བསྡུར་ལན་མང་བྱས་རྗེས། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་བོད་ཀྱི་སྤྱི་ཚོགས་ནང་དུ་ལས་འགུལ་སྤེལ་ཡོད་སྐོར་སོགས་བརྗོད་གསུངས་སོང་།
བྷང་ལོར་གཙུག་ལག་སློབ་གླིང་གི་ཉེ་བའི་རིགས་བདག་འབུམ་རམས་པ་ཇཱ་ཡཱ་ཀཱ་རཱ་སི་ཨེམ་(Professor Dr Jayakara S M )་མཆོག་གིས། ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་ཐོག་ནས་འབུམ་རམས་པ་དང་གཙུག་ལག་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ལས་གཞི་མགོ་བཙུགས་ཡོད་ཅིང་། དེ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་སྲུང་སྐྱོབ་བྱེད་པར་གལ་ཆེན་པོ་གྱུར་ཡོད། རྒྱ་གར་ལ་མཚོན་ནའང་དེ་དག་སྲུང་སྐྱོབ་བྱེད་དགོས་ངེས་རེད། ༧གོང་ས་མཆོག་ནི་འཛམ་གླིང་སྟེང་གི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན། ཁོང་གི་ལས་གཞི་དག་གི་ནང་དུ་མཉམ་ཞུགས་བྱ་རྒྱུ་དགའ་བོ་བྱུང་། དེ་རིང་རྒྱལ་ཡོངས་ཚན་རིག་ཉིན་མོ་ཡིན་ལ་མཐོ་སློབ་ཏུ་ལས་འགུལ་མང་པོ་ལ་བྲེལ་ཟིང་ཡོད་ཀྱང་འདིར་ཆེད་དུ་མཉམ་ཞུགས་བྱས་པ་ཡིན། ཞེས་གསུངས་སོང་།
ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེ་བརྒྱུད་ནས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས། མ་སུ་རི་ནས་གཞུང་འབྲེལ་ཐོག་སྲིད་བློན་ནེ་རུ་མཆོག་དང་མཇལ་འཕྲད་བྱུང་ཡོད་ཅིང་། སྐབས་དེར་སྲིད་བློན་ནེ་རུ་མཆོག་ནས་དོན་དག་གཉིས་ཀྱི་ཐོག་ཏུ་གསལ་ཁ་བཟོས་ཡོད། རྒྱ་གར་གཞུང་གིས་བོད་གཞུང་དེ་རྒྱལ་ཁབ་ཀྱི་གཞུང་ཞིག་ཡིན་པར་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། ༧གོང་ས་མཆོག་རྒྱ་གར་གྱི་དམིགས་བསལ་སྐུ་མགྲོན་ཞིག་ཡིན་པས། རྒྱ་གར་ནང་རང་དབང་དུ་བཞུགས་ཆོག་པ་མ་ཟད། བོད་མི་རྣམས་ལ་ཤེས་ཡོན་སྤྲོད་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་བཞིན། ༧གོང་ས་མཆོག་ནས་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཆེད་དུ་བོད་པ་རང་ཉིད་ཀྱི་སློབ་གྲྭ་བཙུགས་ནས་བོད་པའི་གཞིས་ཆགས་ཁག་དང་བཅས་པ་སྲ་བརྟན་དུ་བཏང་ཡོད་སྐོར་སོགས་བརྗོད་སོང་།
ཐེངས་འདིའི་ཚོགས་ཆེན་གྱི་སྟེང་དུ་མཐོ་སློབ་ཁག་གི་སྐུ་ཚབ་རྣམས་ཀྱིས། བོད་ཀྱི་འདས་སོང་གི་ལོ་རྒྱུས་གླེང་དགོས་པའི་ཕན་འབྲས་དང་། བོད་ཀྱི་གསོ་རིག་པའི་ཕན་ནུས་དང་རྒྱལ་སྤྱིའི་ཐོག་ཏུ་ངོས་འཛིན་ཇི་ལྟར་ཐོབ་ཡོད་མེད། ནང་པའི་གཞུང་ལུགས་ནས་བཤད་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གྱི་ཁྱད་པར། བོད་ཀྱི་སྐད་དང་རིག་གཞུང་ལ་གཞོན་སྐྱེས་རྣམས་དགའ་ཞེན་ཡོང་བར་མཐོ་རིམ་སློབ་མ་རྣམས་ལ་འགན་འཁུར་ཅི་ཞིག་ཡོད་མེད། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིས་རྒྱ་གར་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་པའི་བཀའ་དགོངས་དེ། བོད་ཀྱིས་ཅི་ཙམ་སྒྲུབ་ཐུབ་མིན་གྱི་གལ་ཆེན་རང་བཞིན་སོགས་བརྗོད་གཞི་མི་འདྲ་བ་ ༢༠ ཙམ་གྱི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་བཞིན་ཡོད་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ལྟེ་གནས་ཁང་གིས། དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་བོད་ཀྱི་མཐོ་རིམ་སློབ་གཉེར་བ་ ༥༡ ཙམ་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སྐབས། ཚོགས་ཐོག་ཏུ་བོད་རིགས་མཐོ་རིམ་སློབ་གཉེར་བ་རྣམས་ལོ་རེར་ཐེངས་རེར་མཉམ་འཛོམས་དགོས་པའི་བསམ་ཚུལ་བྱུང་བ་ལྟར། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་རིགས་མཐོ་རིམ་སློབ་མའི་ས་གནས་འཐུས་མི་རེ་ལྷན་འཛོམས་ཐོག་ཚོགས་ཆེན་གྱི་དགོས་དམིགས་དང་སྒྲིག་གཞི་ཁག་གཏན་འབེབས་བྱས་ཏེ། ཚོགས་ཆེན་སྐབས་དང་པོ་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་དུ་འཚོགས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྗེས་སུ་ཡི་རང་ཞུ།