༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རབས་གཅིག་གི་ཨ་རིའི་དུས་བབ་དུས་དེབ་ཀྱི་དུས་དྲན་སྲུང་གཙིར་གསུང་འཕྲིན་བསྩལ།
ཨ་རིའི་དུས་དེབ་གྲགས་ཅན་དུས་བབ་བཙུགས་ནས་ལོ་བརྒྱ་འཁོར་བ་དང་བསྟུན། འདས་པའི་དུས་རབས་གཅིག་རིང་བྱུང་བའི་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣའི་ལོ་རྒྱུས་འཁོད་པའི་ཁྲོད། ཕྱི་ལོ་ ༡༩༥༩ ལོའི་དུས་བབ་དུས་དེབ་ཀྱི་མདུན་ངོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་བཀོད་དེ་ལོ་བརྒྱའི་དུས་དྲན་སྲུང་གཙི་ཞུས་གནང་ཡོད་པ་རེད།
དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་བབ་དུས་དེབ་ལ་སྩལ་བའི་ཕྱི་ལོ་ ༡༩༥༩ ལོའི་མཛད་རྣམ་གྱི་ནང་དུ། པར་རིས་གཅིག་གིས་དྲན་པའི་གཏིང་དུ་ཟུགས་པའི་མྱོང་བ་མང་པོ་ཞིག་ཕྱིར་དྲན་བྱེད་པ་གཏན་ཏན་རེད། ཕྱི་ལོ་ ༡༩༥༩ ལོའི་དུས་བབ་དུས་དེབ་ཀྱི་མདུན་ངོས་པར་དང་ལྷན་དུ་ངོས་བོད་ནས་བྲོས་བྱོལ་དུ་ཡོང་བའི་ལོ་རྒྱུས་ཀྱིས། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལ་བྱུང་བའི་གོད་ཆག་དྲན་པར་གསོས་དུ་བཅུག
ངོས་ལོ་བརྒྱ་ཅུ་གྱ་བརྒྱད་ཟིན་ལ་ཉེ། དུས་དེབ་ཀྱི་མདུན་ངོས་པར་རིས་འདི་ངོས་ལོ་ ༢༤ ཡིན་སྐབས་བྱུང་བ་ཞིག་རེད། སྐབས་དེ་དུས་ང་ཚོས་ཞི་འགྲིག་ངང་གནས་ཐབས་གང་ཡོང་བྱས་ཀྱང་། རྒྱ་ནག་གི་མགོ་འཁྲིད་ཚོས་བཟང་ཕྱོགས་ཀྱི་བརྡ་ལན་ཙམ་བསྟན་པ་ལས་ཞི་གནས་ཡོང་ཐུབ་མེད་ལ། བོད་པའི་ངོ་བོ་གནས་ཐུབ་མིན་གྱི་ཉེན་ཁའི་གཡང་དུ་ལྷུང་ཡོད། དེར་བརྟེན། ང་ཚོའི་ཡུལ་དང་མི་མང་གི་རེ་བའི་མངོན་འདོད་ལྟར། ངོས་ལྷ་ས་ནས་བྲོས་དགོས་བྱུང་བ་རེད། ཐོག་མར་ངོས་ནས་དེ་ལྟ་བསྒྲུབ་པར་ཞེད་སྣང་དང་ཐེ་ཚོམ་ཡོད་མོད། འོན་ཀྱང་། བོད་རྒྱ་ཆེ་མི་མང་གིས་ངོས་ལ་ཡིད་ཆེས་དང་རེ་བ་བཅོལ་ཡོད་པས། ངོས་ནས་རང་གི་འགན་འཁྲི་ཤེས་ཀྱི་ཡོད། ཕྱོགས་གཅིག་ནས་སྐབས་དེར་ངོས་རང་ལོ་ ༡༦ ཟིན་ཙམ་ཡིན་པ་དང་གྲ་སྒྲིག་མེད་པའི་སྐབས་ཤིག་ལ་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་དགོས་བྱུང་བ་རེད། སྐབས་རེར་ངོས་ནས་ངོས་ལོ་ ༡༦ ཡིན་སྐབས་སྒེར་གྱི་རང་དབང་ཤོར་བ་དང་ལོ་ ༢༤ སྐབས་ངོས་ཀྱི་རྒྱལ་ཁབ་ཀྱི་རང་དབང་ཤོར་སོང་ཞེས་རྗོད་ཀྱིན་ཡོད། དེ་ནས་ངོས་སྐྱབས་བཅོལ་བ་ཞིག་ཏུ་གྱུར་བ་རེད།
བོད་ཀྱི་དཀའ་ངལ་ད་དུང་གསལ་ཐུབ་མེད་ཀྱང་། ངོས་རྒྱ་གར་གྱི་སྐྱབས་བཅོལ་བ་ཞིག་ཏུ་གྱུར་བ་དེ་རྐྱེན་ངན་གྲོགས་ཤར་ལྟ་བུ་བྱུང་བ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་ངོས་བོད་ནས་རྒྱ་གར་གྱི་ས་མཚམས་བརྒལ་བ་དང་། ངོས་ནས་རང་དབང་གི་རིན་ཐང་རྟོགས་བྱུང་། དེ་ནས་བཟུང་། ངོས་ནི་རང་དབང་ཡོད་ཚད་ལོངས་སུ་སྤྱོད་མཁན་གྱི་རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་ཤིག་ཡིན། རྒྱ་གར་གཞུང་གིས་ངོས་དང་ངོས་ཀྱི་ལྷན་དུ་བྲོས་བྱོལ་དུ་ཡོང་བའི་བོད་མི་ཚོར་མི་རིགས་ཀྱི་ངོ་བོ་དང་། སྙིང་རྗེ་དང་ཞི་བདེའི་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བ་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གཏོང་བའི་མཐུན་འགྱུར་སྦྱར་བྱུང་། ཞེས་གསུངས།
ཡང་བཀའ་སློབ་ཀྱི་མཇུག་ཏུ། དེ་རིང་ངོས་རང་ཡུལ་དུ་ལོག་མི་ཐུབ་པའི་ཡུལ་གྱར་བ་ཞིག་ཡིན་ཡང་། ང་ཚོ་བོད་པའི་ཁ་རྒྱུན་དུ། རང་ཉིད་གང་དུ་སྐྱིད་ན་དེ་ནི་རང་གི་ཁྱིམ་ཡིན། མི་སུ་ཞིག་ཁྱེད་ལ་དུང་ན་དེ་ནི་ཁྱེད་ཀྱི་ཕ་མ་ཡིན་ཟེར་སྲོལ་ཡོད། རྒྱ་གར་དང་རྒྱ་གར་མི་མང་གི་གཙོས་འཛམ་གླིང་ཡུལ་གྲུ་གང་སར་ནས་ངོས་ལ་འགྱུར་མེད་ཀྱི་བརྩེ་བ་དང་རྒྱབ་སྐྱོར་གནང་བྱུང་། ངོས་ནས་ཕྱི་ལོ་ ༡༩༥༩ ལོའི་དུས་བབ་དུས་དེབ་ཀྱི་མདུན་ངོས་པར་རིས་འདི་ལ་ལྟ་སྐབས། ངོས་ནས་ད་བར་གཞན་ཕན་གྱི་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་པར་ཡོད་ཚད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཨ་རིའི་དུས་བབ་དུས་དེབ་ནི་ཕྱི་ལོ་ ༡༩༢༣ ཟླ་ ༣ ཚེས་ ༣ ཉིན་གསར་དུ་བཙུགས་ཤིང་། འདི་ལོར་ལོ་ཧྲིལ་པོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་ཞུ་ཡི་ཡོད་པ་དང་། དུས་རབས་གཅིག་གི་རྗེས་དྲན་སྲུང་གཙིར་འཛམ་གླིང་གི་གྲགས་ཅན་མི་སྣ་བརྒྱའི་མི་ཚེ་ལོ་རྒྱུས་དུས་བསྟུན་གྱིས་བཀོད་པ་ཞིག་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།