དེ་རིང་སྔ་དྲོ་ཆུ་ཚོད་ ༨ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བོད་གཞིས་བྱེས་གཉིས་ཀྱི་ལྷ་མི་ཡོངས་ཀྱི་ཚབ་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་གཞན་དག་ཞུ་རྒྱུ་གང་ཡང་མེད། བོད་ཀྱི་གཟུགས་ཅན་མི་ལྟ་ཅི་སྨོས་གཟུགས་མེད་ཚོས་ཀྱང་ངོས་རང་ལ་བརྟན་བཞུགས་བྱེད་ཀྱི་ཡོད་པ་རེད། བརྟན་བཞུགས་བྱ་རྒྱུ་དེའང་། གང་ལྟར་ང་རང་ཚོའི་བོད་ཀྱི་གནས་སྟངས་དེ་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་ཡོང་བའི་དུས་ཚོད་ཅིག་ལ། ངོས་རང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་མེད་པར་འཛིན་ནས་རྒྱ་ཧོར་བོད་གསུམ་ལ་བསྐྱར་དུ་ཡག་པོ་དར་ཐུབ་པ་དང་། དེ་སྔ་བོད་ཀྱི་རིག་གཞུང་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་ཀྱི་ཡུལ་ལུང་ཁག་ཏུའང་དོ་སྣང་གསར་པ་བསླེབས་ཡོད། གལ་ཆེ་བ་སེམས་ཁམས་རིག་པ་དང་འབྲེལ་ནས་ཚན་རིག་པའི་ནང་དུའང་དོ་སྣང་གསར་པ་བསླེབས་པ་ཞིག་ཡོང་བསྡད་ཡོད།
འདི་དག་ནི་ཕལ་ཆེར་ངོས་ནས་བསྟན་པའི་ཞབས་འདེགས་ཕྲན་བུ་ཞིག་བསྒྲུབས་ཡོད་པ་རེད། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་ཤིག་བསྡད་ནས་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ཞབས་འདེགས་གང་ལ་གང་འཚམ་ཞིག་ཕལ་ཆེར་བྱེད་ཐུབ་ཀྱི་རེད། དེར་བརྟེན། དེ་རིང་འདིར་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་མཁན་གྱི་མི་མང་ཚོ་དང་། དེ་བཞིན་གནས་ཆུང་ཆོས་སྐྱོང་དང་མཁའ་འགྲོ་ཚོ་མཚོན་པའི་གཟུགས་མེད་ཀྱི་ལྷ་ཚོས་ཀྱང་རེ་འདུན་ཆེན་པོ་བྱེད་སྡོད་ཀྱི་ཡོད་དུས། ངོས་རང་གི་གཟུགས་པོ་བདེ་ཐག་ཆོད་ཡོད། ད་དུང་མུ་མཐུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་གྱི་མི་མང་དེ་དག་གིས་ངོས་རང་ལ་ཆོས་དང་རིག་གཞུང་གི་ཐོག་ནས་དད་པ་རྩེ་གཅིག་ཏུ་ཡོད་པར་བརྟེན། དེ་དག་གི་རེ་འདོད་བསྐོང་ཐུབ་རྒྱུ་ཞིག་དང་། གང་ལྟར་སྐྱེས་པའི་དགོས་དོན་ནི་གཞན་ལ་ཕན་པ་བསྒྲུབ་རྒྱུ་རེད། ད་ལྟའི་ངོས་རང་གི་ལུས་རྟེན་འདིའི་ཐོག་ནས་མི་ལ་ཕན་པ་གཏན་ཏན་སྒྲུབ་ཐུབ་ཀྱི་འདུག དེར་བརྟེན། ཕན་པ་སྒྲུབ་ཐུབ་མཁན་གྱི་ལུས་རྟེན་འདི་རིང་པོར་འཚོ་ཐུབ་པར་ངོས་རང་གིས་ཀྱང་སྨོན་ལམ་བརྒྱག་གི་ཡིན། ཕན་པ་གཏོང་གི་ཡིན། ཁྱེད་རང་ཚོས་ཐུགས་སྨོན་གནང་ནས་དེ་རིང་འདིར་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་སོང་།
མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པ་ཆ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས་ནས་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།