དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོས་དུས་ལྔ་པའི་ལས་ཉིན་དྲུག་པའི་སྔ་དྲོར། སྐབས་བཅུ་གཅིག་པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་དང་དེའི་གྲུབ་དོན་གྱི་ཐད་ལ་བགྲོ་གླེང་གནང་སྟེ། བསྡུ་དངུལ་འབུལ་འབབ་ཕུལ་མེད་པའི་བོད་མིའི་སྡེ་ཚན་ཁག་ ༢༦ གིས་གང་མགྱོགས་འབུལ་འབབ་ཕུལ་དགོས་པའི་སྐོར་ལ་གླེང་སློང་གནང་སོང་།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་ནི་ལོ་མང་པོའི་སྔོན་ལ་བྱུང་བའི་གནད་དོན་དག་ཡིན་པ་དང་། གནད་དོན་དེ་དག་ཡང་ལོ་གང་འཚམ་ཕྱིན་ཟིན་པ་ཡིན་པས། འབྲེལ་ཡོད་ཀྱི་ལས་བྱེད་རྣམས་ལས་གནས་སུ་མེད་པའི་གནས་སྟངས་བྱུང་ཡང་། རྩིས་ཁྲའི་གནད་དོན་དེ་དག་མུ་མཐུད་ནས་འགྲོ་བཞིན་པའི་གནས་སྟངས་ཤིག་ཡིན་པར་བརྟེན། ལས་བྱེད་གང་ཞིག་གི་ལས་ཡུན་རྫོགས་མཚམས་སུ་རྩིས་ཁྲའི་སྙན་ཐོ་བཏོན་ཐུབ་པ་ཡིན་ན། རྩིས་ཁྲའི་ནང་དུ་བྱུང་ཟིན་པའི་གནད་དོན་དག་གང་མགྱོགས་གསེད་གྲོལ་བྱེད་པར་ཕན་ཐོགས་པ་མ་ཟད། ལོ་མང་རིང་གསེད་གྲོལ་བྱེད་མི་ཐུབ་པའི་རྩིས་ཁྲའི་གནད་དོན་ཞིག་ཏུ་འགྱུར་མི་སྲིད་པ་ཞིག་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས། འཛིན་སྐྱོང་བཀའ་ཤག་གིས་མ་འོངས་བའི་གྲོས་ཚོགས་ནང་དུ་བོད་ཀྱི་སྨན་རྩིས་ཁང་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་། བལ་ཡུལ་གངས་ཅན་བདེ་རྩ་དང་སྤོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ་སོགས་ཀྱིས་བསྡུ་དངུལ་གྱི་འབུལ་འབབ་འབུལ་ཐུབ་མིན་ཐད་ཞིབ་འཇུག་ཅིག་བྱ་འཆར་ཡོད་པ་དང་། འགྲོ་ཕན་སྨན་རྩིས་ཁང་གཅིག་པོ་ལས་གཞན་པས་བསྡུ་དངུལ་ཆག་ཡངས་ཀྱི་སྐོར་སྙན་ཞུ་འབྱོར་མེད་ཀྱང་། སྐྱིད་སྡུག་ཚོགས་པ་ཚང་མའི་དཀའ་ངལ་གྱི་གནས་སྟངས་གཅིག་མཚུངས་ཆགས་ཡོད་པས། ཞིབ་འཇུག་གི་རིམ་པ་ཡང་དག་བརྒྱུད་ནས་གནད་དོན་དག་ཞིབ་ཚགས་ཀྱིས་གསལ་ཁ་ཆགས་རྗེས། འཛིན་སྐྱོང་བཀའ་ཤག་ངོས་ནས་ཁྲིམས་སྒྲིག་གི་དགོངས་དོན་བཞིན་ཐག་གཅོད་ཅི་ཡོང་ཐད་སྐབས་རྗེས་མའི་གྲོས་ཚོགས་སུ་གསལ་ཁ་བཟོ་རྒྱུ་ཡིན་སྐོར་དང་། རྩིས་ཁྲའི་སྙན་ཐོ་ནང་དུ་གནད་དོན་མང་པོ་ཞིག་དཀའ་ངལ་ནང་དུ་གནས་བཞིན་ཡོད་པའི་སྐོར་འཁོད་ཡོད་ཀྱང་། གནད་དོན་ཁ་ཤས་ཤིག་ཡང་ནས་བསྐྱར་དུ་སྙན་ཐོ་ནང་དུ་འཁོད་ཡོད་པ་ཙམ་ལས། གནད་དོན་དེའི་དཀའ་ངལ་ཇི་ལྟར་གསེད་གྲོལ་བྱེད་པར་ཁ་གསལ་ཅི་ཡང་མེད་པས། གནད་དོན་གྱི་དཀའ་ངལ་མུ་མཐུད་གནས་པར་སྙན་ཐོ་ཡང་སྲིད་གདོན་རྒྱུ་ཙམ་མིན་པར། དཀའ་ངལ་དེ་རིགས་ཀྱི་མཐའ་ལ་གཏུགས་ནས་གཙང་བཟོ་བྱེད་པར་རྩིས་ཞིབ་ཀྱི་གལ་འགངས་ཆེ་བའི་གནས་ཤིག་ཆགས་ཡོད་ན། འབྲེལ་ཡོད་ལས་བྱེད་ཡོངས་ཀྱིས་རྩིས་ཁྲ་ཞིབ་ཚགས་གནང་གལ་ཆེ་བའི་སྐོར་སོགས་གསུངས་སོང་།
སྤྱི་འཐུས་ཁག་ཅིག་གིས། བོད་ཀྱི་སྨན་རྩིས་ཁང་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་། བལ་ཡུལ་གངས་ཅན་བདེ་རྩ་དང་སྤོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ་སོགས་ཀྱིས་བསྡུ་དངུལ་གྱི་འབུལ་འབབ་དབུལ་མེད་པར་བརྟེན། ཚོགས་པ་དེ་དག་གིས་སྒེར་གྱི་ཚོགས་ལས་གཉེར་ནས་ཡོང་འབབ་འཚོལ་མུས་ཡིན་ཡང་། ཚོགས་པ་དེ་དག་གིས་འབུལ་འབབ་ཕོན་ཆེན་ཞིག་དབུལ་མེད་སྟབས། དེའི་ཐད་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཁག་གིས་ཀྱང་ཐུགས་བསམ་བཞེས་ཏེ། འབུལ་འབབ་རྣམས་གང་མགྱོགས་དཔལ་འབྱོར་ལས་ཁུངས་སུ་ཕུལ་ཐུབ་པར་བྱ་དགོས་སྐོར་དང་། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཅིག་པའི་ཚོགས་གཙོ་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས། བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཨར་ལས་ཀྱི་ལས་གཞི་དེ་དག་གཞི་རྒྱ་ཆེན་པོ་ཡིན་པའི་ཁར། དངུལ་གྲོན་ཡང་ཕོན་ཆེན་གཏོང་གིན་ཡོད་པས། དེའི་བཀའ་འཁྲོལ་ཞུ་སྟངས་དང་འགྲོ་ལུགས་འགྲོ་སྟངས་སོགས་ཀྱི་ཐད་ལའང་བསྐྱར་ཞིབ་ནན་མོ་བྱ་དགོས་པ་མ་ཟད། དེ་དང་མཚུངས་པའི་མཉམ་ལས་ཁག་གི་འགྲོ་གྲོན་གཏོང་ཕྱོགས་ལའང་བསྐྱར་ཞིབ་བྱ་དགོས་སྐོར་སོགས་གསུངས་སོང་།
མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ནང་། ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། ཚོགས་དྲུང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། ཚོགས་མི་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། ཚོགས་མི་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་བཅས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཚོགས་ཆུང་གིས་འདས་པའི་ཟླ་བ་དགུའི་རིང་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་བཅས་སྡེ་ཚན་གྲངས་ ༢༤༢ ཀྱི་རྩིས་ལོ་ ༢༠༡༨- ༢༠༡༩ ལོའི་རྩིས་ཞིབ་སྙན་ཐོ་དག་ལ་ལན་འདེབས་དང་ཞིབ་འཇུག་གནང་སྟེ། ལས་དོན་རྣམས་མཇུག་སྒྲིལ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།