དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་བའི་ལས་ཉིན་དྲུག་པའི་ཕྱི་དྲོར། བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་གནང་སྐབས་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ལག་འཁྱེར་མེད་པའི་བོད་མི་རྣམས་ལ་ལག་འཁྱེར་གསར་བཟོའི་ཐད་རོགས་འདེགས་བྱ་རྒྱུ་ཡིན་སྐོར་གསུངས་སོང་།
དེའི་ཐད་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་ཀྱི་དུས་ཚོད་ཕྱིར་འགྱངས་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་སྟངས་བྱུང་ཡོད་ཅིང་། གནད་དོན་དེ་འབྱུང་དགོས་པའི་རྒྱུ་མཚན་ལ་ཞིབ་འཇུག་བྱེད་དུས། ཕྱི་ལོ་ ༢༠༡༨ ནས་བཟུང་བོད་པའི་ཁྲོད་དུ་སྐྱབས་བཅོལ་ལག་དེབ་འཁྱེར་ནས་རྒྱ་གར་མི་སེར་གྱི་ཐོབ་ཐང་ཞུ་བའི་གྲངས་འབོར་གང་འཚམ་བྱུང་ཡོད་པ་དང་། རྒྱ་གར་གཞུང་གིས་མི་སེར་ཐོབ་ཐང་ཞུ་བར་ཡིག་ཆ་ཚད་ལྡན་དགོས་པར་སྐྱབས་བཅོལ་ལག་འཁྱེར་དང་བསྟུན་ནས་ཞིབ་འཇུག་བྱས་འདུག་པས། སྐྱབས་བཅོལ་ལག་འཁྱེར་དུ་འཁོད་པའི་མིང་གཞུང་ཡིག་ཆ་རྣམས་དཔྱ་ཁྲལ་ལག་དེབ་དང་ཕན་ཚུན་མཉམ་སྦྱར་བྱས་ཏེ་ཞིབ་འཇུག་བྱེད་མགོ་ཚུགས་པ་ལས་བྱུང་བ་ཞིག་ཡིན་སྐོར་དང་། རྒྱ་བལ་ས་མཚམས་སུ་བོད་པའི་ལག་དེབ་སེར་བོ་(IC)ཁྱེར་ནས་འགྲུལ་བསྐྱོད་བྱེད་ཆོག་མིན་ཐད་འབྲེལ་ཡོད་རྒྱ་གར་གཞུང་ལ་སྙན་སེང་ཞུས་ཡོད་ཀྱང་། དེ་ནི་རྒྱ་བལ་གཉིས་ཀྱིས་གཞུང་འབྲེལ་གྱི་ལམ་ནས་བཀའ་བསྡུར་བྱེད་དགོས་པ་ཞིག་ཡིན་པས། དེའི་ཐད་ལན་ཁ་གསལ་ཅི་ཡང་བྱུང་མེད་ཀྱང་། ཉེ་ཆར་རྒྱ་གར་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་བལ་མཐའ་མཚམས་སུ་འགྲུལ་བཞུད་བྱེད་པར་རྒྱབ་གཉེར་ཡིག་ཆ་གནང་མགོ་བཙུགས་ཡོད་པས། རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ཨཱ་དྷར་ལག་འཁྱེར་(Aadhar Card) བེད་སྤྱོད་བྱས་ནས་རྒྱ་བལ་མཐའ་མཚམས་སུ་གནས་སྐོར་སོགས་འགྲུལ་བཞུད་བྱེད་ཆོག་གི་ཡོད་པ་དང་། རྒྱ་བལ་གཉིས་སུ་གནས་སྡོད་སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་དེབ་མེད་པའི་བོད་མི་ཚོར་རོགས་འདེགས་གང་བྱུང་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཆབ་སྲིད་བཙོན་པའི་ལས་གཞི་དང་འབྲེལ་ནས། ཉེ་བའི་ལོ་ཤས་རིང་ཨོ་གླིང་གི་གཞིས་སྤོར་དང་འབྲེལ་ནས་ཐོ་རྒྱག་མཁན་མང་དག་ཅིག་འབྱུང་གི་ཡོད་ཅིང་། དེ་དག་ལ་བདེ་སྲུང་གི་ཞིབ་འཇུག་ཚན་པས་དུས་ནས་དུས་སུ་ཞིབ་བཤེར་དང་ལྟ་ཞིབ་སྤུས་དག་བྱས་དང་བྱེད་མུས་ཡིན་ཡང་། ཐོ་བརྒྱབ་ཟིན་པའི་བོད་པ་མང་དག་ཅིག་ཨོ་གླིང་གཞིས་སྤོར་གྱི་ལས་གཞི་ཁོ་ནར་དམིགས་ནས། རང་རང་གི་ལས་ཀ་སོགས་གཡུགས་ཏེ་གནས་ཐབས་བྱེད་ཀྱིན་འདུག་པས། ཐོ་རྒྱག་མཁན་ཚོ་ཡིན་ནའང་གཞིས་སྤོར་གྱི་ལས་གཞིའི་ཁོངས་སུ་ཚུད་ནས་ཐོངས་མཆན་མ་རག་པར། རང་གི་ལས་རིགས་གཡུག་མི་ཉན་པའི་རེ་སྐུལ་གནང་སོང་ལ། ཡང་ཁོང་གིས་ད་ལྟའི་ཆར་ཨོ་གླིང་དུ་གཞིས་སྤོར་བྱེད་མཁན་མི་གྲངས་ ༤༠ ཙམ་གྲ་སྒྲིག་བྱེད་མུས་ཡིན་ཞིང་། རྗེས་སུའང་ཨོ་གླིང་དོན་གཅོད་ཁང་སོགས་བརྒྱུད་ནས། ཆབ་སྲིད་བཙོན་པ་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་གང་ཐུབ་ཀྱིས་མངག་གཏོང་བྱ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
ཡང་སྤྱི་འཐུས་ཁག་ཅིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་སུ་འགྲོ་མུས་ཡིན་པས། ཁོང་གི་ཆོས་ཕྱོགས་ཀྱི་མཛད་པ་གཙོ་བོ་གྱུར་བའི་མཛད་རིམ་མང་པོ་ཞིག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཏུ་བསྐྱང་དགོས་པར་བརྟེན། ཉེ་བའི་ཆར་གཙུག་ལག་ཁང་དུ་ཆོས་ཞུ་བ་རྣམས་འདུག་ས་མི་རག་པའི་དཀའ་ངལ་ཞིག་འཕྲད་མུས་ཡིན་པས། བདེ་སྲུང་ལས་ཁུངས་སོགས་གཙོས་དགའ་ལྡན་ཕོ་བྲང་གི་ཡིག་ཚང་སོགས་ཀྱིས། གསུང་ཆོས་ར་བ་ཇེ་ཆེར་དང་ཇེ་ཡངས་སུ་གཏོང་ཐབས་ལ་བསམ་བློ་གཏང་དགོས་ཤིང་། སྐུ་ཕྱཱ་གཙོ་བོར་དམིགས་ནས་ཆོས་ཞུ་བ་རྣམས་ཀྱིས་ཁ་རས་སོགས་དུས་ལྟར་གྱོན་བཅུག་དགོས་སྐོར་དང་། ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བདེ་མཆོག་ནག་པོ་བའི་བཀའ་དབང་སྩལ་སྐབས། ཆོས་ཞུ་བ་མང་དག་ཅིག་གིས་གསུང་ཆོས་ལག་འཁྱེར་རག་པར་དུས་ཚོད་འགར་གྲལ་བསྒྲིགས་ནས་སྒུག་དགོས་ཁེལ་བ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཁ་ཤས་ལ་གསུང་ཆོས་ལག་འཁྱེར་མ་རག་པའི་དཀའ་ངལ་རིགས་གསལ་ཐབས་གནང་དགོས་སྐོར་སོགས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།