ཕྱི་ལོ་ ༢༠༠༨ ཀྱི་ས་བྱི་ཞི་རྒོལ་ཆེན་མོ་དང་རང་ལུས་མེར་སྲེག་གནང་མཁན་གྱི་ཤུལ་ལུས་ནང་མི་དང་གཉེན་འབྲེལ་ཡོངས་ཀྱི་བྱིས་པ་ཚོ་མཐོ་སློབ་ཏུ་འགྲོ་བཅུག་གི་མི་འདུག
ཕྱི་ལོ་ ༢༠༠༨ ནི་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་གི་དྲག་གནོན་བཙན་འཛུལ་ལ་ངོ་རྒོལ་ཤུགས་ཆེན་བྱས་པའི་ལོ་ཞིག་ཆགས་ཡོད་པ་ལྟར། འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ད་ལྟ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཡར་ལངས་བྱེད་མཁན་གྱི་བོད་མི་ཡོངས་དང་ཁོང་ཚོའི་ནང་མི་གཉེན་འབྲེལ་དང་དེ་བཞིན་རང་ལུས་མེར་སྲེག་གནང་མཁན་གྱི་ཤུལ་ལུས་ནང་མི་གཉེན་ཉེ་ཡོངས་ལ་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྤྱི་ཚོགས་འཚོ་བའི་ཁྲོད་ཁོང་ཚོའི་མདུན་ལམ་མང་པོ་ཞིག་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པས། བོད་ཀྱི་སློབ་མ་རྣམས་མཐོ་འབྲིང་སློབ་མཐར་ཕྱིན་པ་དང་མཐོ་རྒྱུག་ནང་ཞུགས་པར་སློབ་མ་སོ་སོའི་ཞང་གྲོང་བརྡལ་ནས་ངོ་སྤྲོད་ཡི་གེ་ཞིག་ལེན་དགོས་ཀྱི་འདུག ཞང་གྲོང་བརྡལ་དུ་སོང་ན། ༢༠༠༨ ་ལོའི་ཡར་ལངས་སྐབས། སློབ་མ་སུ་ཞིག་གི་ཤ་ཉེ་ཉེ་རྒྱུད་རྩ་ལག་གང་རུང་ཞིག་ཡར་ལངས་ནང་ཞུགས་ཡོད་མེད་གློག་ཀླད་བརྒྱུད་ནས་ཞིབ་ལྟ་བྱེད་བཞིན་འདུག གལ་སྲིད་ངོ་རྒོལ་ཡར་ལངས་ནང་ཞུགས་ཡོད་ཚེ། ངོ་སྤྲོད་ཡི་གེ་སྤྲོད་ཀྱི་མི་འདུག་ལ། ངོ་སྤྲོད་ཡི་གེ་དེ་མེད་ཚེ། མཐོ་སློབ་འགྲིམས་པར་ཐོ་འགོད་བྱས་ཆོག་གི་མེད་པས། སློབ་མའི་མདུན་ལམ་བརླག་འགྲོ་ཡི་ཡོད། བྱིས་པ་རྣམས་ལ་ནག་ཉེས་མེད་ཀྱང་། ཉེས་ཆད་དེ་འདྲ་གཅོད་ཀྱི་འདུག ཅེས་བརྗོད་བྱུང་།
ཡང་ཁོང་གིས། རང་ལུས་མེར་སྲེག་གཏོང་མཁན་གྱི་ཤུལ་ལུས་ནང་མི་རྣམས་ལའང་ཉེས་ཆད་གཅིག་མཚུངས་གཏོང་གི་ཡོད་པ་དང་། རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་གཉེན་ཉེའི་བྱིས་པ་རྣམས་མཐོ་སློབ་ཏུ་ཞུགས་མི་ཆོག་པར་བཟོས་ཏེ། མ་འོངས་པར་ལས་བྱེད་པ་དང་ཆེད་ལས་ཤིག་གི་ཐོག་གོམ་པ་སྤོ་ཐབས་མེད་ཅིང་། བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་ནས་བློས་གཏོང་གནང་མཁན་གྱི་ཤུལ་ལུས་ནང་མི་ཚོར་དྲག་གནོན་གྱི་སྲིད་ཇུས་སྤེལ་ནས་ཉེས་པ་གཏོང་གི་ཡོད་སྐོར་བརྗོད་བྱུང་། འོན་ཀྱང་། རང་ལུས་མེར་སྲེག་དང་འབྲེལ་ནས་ཉེས་ཆད་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་བོད་ཁམས་ཡོངས་སུ་གཅིག་གྱུར་ཡིན་མིན་མ་ཤེས་མོད། ཁོང་ཚོར་སྲིད་ཇུས་ཀྱི་ཐོག་ནས་ལྟ་སྟངས་ངན་པ་འཛིན་བཞིན་པ་དངོས་སུ་མཐོང་བྱུང་ཞེས་བརྗོད་བྱུང་།
འདི་གའི་གསར་འགོད་པས། རང་ལུས་མེར་སྲེག་གནང་མཁན་གྱི་ཤུལ་ལུས་ནང་མི་དང་འབྲེལ་ཡོད་གཉེན་ཉེ་ཁག་ཅིག་དང་ལྷན་དུ་དྲ་ལམ་ནས་ཁ་བརྡ་བྱེད་སྐབས། རྒྱ་ནག་གཞུང་གིས་ཁོང་ཚོ་དམིགས་སུ་བཀར་ནས་ས་གནས་ས་ཐོག་གི་སྐྱོབ་གསོ་སོགས་མེད་ཁར། ཁོང་ཅག་གི་ནང་མི་གཉེན་ཉེ་ཡོངས་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་ལ་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་ལ། ད་སྔ་བར་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་གྱི་ཕ་མ་སྤུན་མཆེད་དང་རོགས་པ་སོགས་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པ་ནི་མངོན་གསལ་ཡིན་ལ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་ནས་རང་ལུས་མེ་སྲེག་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག འདས་ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཨ་མ་ནོར་འཛིན་དབང་མོ་ལགས་སུ་ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། སྐྱེ་རྒུ་མདོའི་བུད་མེད་ཀྱི་བཙོན་ཁང་ཞིག་གི་ནང་བཅུག་པ་དང་། འདས་ལོའི་ཕྱི་ཟླ་ ༥ ཚེས་ ༢ ཉིན་ཁོང་མོར་བཙོན་ཁང་དུ་མནར་གཅོད་རྡུང་རྡེག་དང་ངལ་རྩོལ་བསྒྱུར་བཀོད་ཚད་ལས་འདས་པ་བྱས་རྐྱེན། ཁྲིན་ཏུའུ་དང་སྐྱེ་རྒུ་མདོ་མི་མང་སྨན་ཁང་། ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཆེ་གྲས་ནང་བསྟན་ཡོད་ཀྱང་དྲག་སྐྱེད་འབྱུང་དཀའ་བའི་གནས་སྟངས་ཆགས་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།