མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་པ་རྒྱུན་རིང་གནས་དགོས་ན་བསླབ་པ་བཅོས་སྒྱུར་རམ་སྡོམ་རྒྱུན་ནང་འདྲེན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

———འདུལ་བ་ཡུལ་དུས་དང་བསྟུན་དགོས།

ཀླུ་སྨྱོན་ཧེ་རུ་ཀའམ་དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས།

Photo :Shutterstock

༄༅། །བསིལ་ལྡན་ཁ་བའི་ལྗོངས་དང་ཧི་མ་ལ་ཡའི་རི་རྒྱུད་འཛམ་གླིང་ཤར་ལྷོ་ནུབ་བྱང་གང་སར་བཞུགས་པའི་བོད་བརྒྱུད་ནང་པའི་དབུ་ཁྲིད་རྣམ་པ་དང་། རབ་བྱུང་ངུར་སྨྲིག་དང་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས། སེར་ཁྱིམ་པའི་སྡེ་དང་ཁྱིམ་པ་མི་སྐྱའི་སྡེ་བཅས་ཀྱི་སྙན་ལམ་དང་སྤྱན་ལམ་དུ་ཆེད་ཞུ། སྤྱིར་སངས་རྒྱས་བསྟན་པ་ལོ་སྟོང་སུམ་སྟོང་ཉིས་སྟོང་ལྔ་བརྒྱ་སོགས་ལོ་གྲངས་མི་འདྲ་བར་རང་རེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དུ་གནས་པར་འགྱུར་ལུགས་ཀྱི་ཐད་དུ། སྟོན་པ་རྫོགས་པའི་སངས་རྒྱས་ཉིད་དང་རྗེས་འཇུག་མཁས་པའི་བཞེད་སྲོལ་མི་འདྲ་བ་དུ་མ་བྱུང་ཞིང་། བསྟན་པའི་གཞི་མའམ་རྩ་བ་གང་ཡིན་པའི་ཕྱོགས་སུ་ཡང་བཞེད་ལུགས་མི་འདྲ་བ་ཡོད་ཀྱང་། གཤམ་གསལ་སྡེ་ཚན་འདི་དག་གི་ནང་དུ་མ་འདུས་པ་ཞིག་མེད་པར་འདོད་དེ། སངས་རྒྱས་ཀྱི་བསྟན་པ་གནས་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོའི་སྡོམ་པ་གནས་དགོས་པ། ཐེག་དམན་ནམ་ཉན་ཐོས་ཀྱི་བསྟན་པ་གནས་པར་སོ་ཐར་གྱི་སྡོམ་པ་གནས་དགོས་པ། ཐེག་ཆེན་གྱི་བསྟན་པ་གནས་པར་བྱང་ཆུབ་སེམས་དཔའི་བསླབ་པ་གནས་དགོས་པ། གསང་སྔགས་སམ་རྡོ་རྗེ་ཐེག་པའི་བསྟན་པ་གནས་པར་གསང་སྔགས་ཀྱི་དམ་ཚིག་གནས་དགོས་པ། དེང་སང་མི་མང་པོ་ཞིག་གིས་བསྟན་པའི་རྩ་བ་འདུལ་བ་ཞེས་པའི་ཚིག་འདིའི་གོ་དོན་ནི། རབ་བྱུང་ཕོ་མོའི་སྡོམ་པ་ཙམ་ཞིག་ལ་གོ་བ་བླངས་དང་ལེན་བཞིན་པ་ནི་ཧ་ཅང་གུ་དོག་པའི་ལྟ་ཚུལ་ཞིག་ལས་མ་འདས་པ་སྟེ། འདུལ་བ་ཞེས་པའི་གོ་དོན་ནི་རང་སེམས་མ་དུལ་བ་འདུལ་བའི་ཐབས་ལམ་མམ་ཉམས་ལེན་ཞིག ཡང་ན་རང་སེམས་འདུལ་བའི་དམ་བཅའ་ཞིག་ལ་གོ་དགོས་པ་ཡིན་ཞིང་། གོང་གསལ་སྐྱབས་འགྲོའི་སྡོམ་པ་བླངས་པ་ཡིན་ན་སྐྱབས་འགྲོའི་བསླབ་བྱས་རང་སེམས་འདུལ་དགོས་པས། སྐྱབས་འགྲོའི་སྡོམ་པ་ཡང་འདུལ་བ་ཡིན་པ་དང་། དགེ་བསྙེན་ཕོ་མོའི་སྡོམ་པ་དང་། རབ་བྱུང་ཕོ་མོའི་སྡོམ་པ། བྱང་སྡོམ་དང་སྔགས་སྡོམ་ཚང་མས་རིམ་པ་བཞིན་རང་སེམས་ཕྲ་རགས་ཉོན་མོངས་ཕྲ་རགས་ལས་སྡོམ་པའམ་མ་དུལ་བ་འདུལ་དགོས་པས་འདུལ་བ་ཡིན་པ་སྨྲོས་ཅི་དགོས།

བོད་གངས་ཅན་པའི་ཡུལ་དུ་གདན་དྲངས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་ཉན་ཐོས་བྱང་སེམས་གསང་སྔགས་ཏེ་ཐེག་པ་གསུམ་ཀ་ཡོངས་སུ་ཚང་བའི་བསྟན་པ་ཞིག་ཡིན་ཞིང་། སངས་རྒྱས་ཀྱི་བསྟན་པ་ཞེས་པའམ་ཆོས་འདུལ་བ་ཞེས་པ་ལ་ཤེས་ནས་དད་པ་ཐོབ་པའི་བོད་མི་ཞིག་ཡིན་ཚེ། སོར་སྡོམ་བྱང་སྔགས་སྡོམ་དང་ལྡན་པའི་གང་ཟག་སུ་ཞིག་ཡིན་ཡང་དེ་ལ་ཆོས་འདུལ་བ་འཛིན་པའི་སྐྱེས་བུར་ངོས་འཛིན་ལོས་ཀྱང་བྱེད། ཐེག་དམན་རྐྱང་པའི་བསྟན་པ་གནས་པའི་རྒྱལ་ཁབ་ཤྲི་ལངྐ་དང་ཐེ་ལན་སོགས་སུ་ཆོས་འདུལ་བ་ཞེས་པ་དེ་རབ་བྱུང་ཕོ་མོའི་སྡོམ་པ་ཙམ་ཞིག་ལ་གོ་བ་ལེན་བཞིན་ཡོད་ལ། དེ་ལྟར་གོ་ཡང་དགོས་ཏེ། ཁོང་ཅག་གི་རྒྱལ་ཁབ་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཁྲོད་དུ་རབ་བྱུང་དགེ་སློང་ཕོ་མོའི་བསླབ་པ་ལས་ལྷག་པའི་བསླབ་པ་ཞིག་མེད་པས་སོ།། དེ་བཞིན་རྒྱ་ནག་དང་ཝེ་ཐི་ནམ། འཇར་པན་དང་ཀོ་རི་ཡ་སོགས་ཐེག་ཆེན་གྱི་ལུང་པར་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་གི་ཆོ་ག་ཡོད་ཚེ། བྱང་སྡོམ་དང་ལྡན་པའི་གང་ཟག་དེ་རབ་དང་ཕུལ་དུ་བཀུར་དགོས་ཏེ། བྱང་སྡོམ་དེ་སོར་སྡོམ་ལས་ལྡབ་འབུམ་ཕྲག་གིས་དམིགས་པ་དང་ཕན་ཡོན་རྒྱ་ཆེ་བས་སོ།།

རང་རེ་བོད་ཁ་བ་ཅན་གྱི་ཡུལ་དུ་གོང་སྨྲོས་ལྟར་ཐེག་པ་གསུམ་པོའི་བསླབ་པ་འདྲེས་མར་ལེན་པ་དང་སློབ་སྦྱོང་འདྲེས་མར་བྱེད་པ་ནི་རང་ཅག་ཀུན་གྱིས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆ་ཤས་ཤིག་ཏུ་ཆགས་ཡོད་པས། རང་རེ་ལ་མཚོན་ན་ཆོས་འདུལ་བ་ཞེས་པ་དེ་ཐེག་པ་གསུམ་གའི་སྡོམ་པ་ལ་གོ་དགོས་པ་ཞིག་རེད། འདི་ལྟར་ཐེག་པ་གསུམ་ཀ་འདྲེས་མར་སྤྱོད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། ཐེག་དམན་རྐྱང་བའམ་ཡང་ན་ཐེག་དམན་དང་ཐེག་ཆེན་འདྲེས་མའི་ལུང་པའི་ཆོས་བྱེད་མི་དམངས་དང་བསྡུར་ཚེ། རང་ཅག་གི་སློབ་གཉེར་བ་དང་ཉམས་ལེན་པར་མཚོན་ན་སློབ་གཉེར་གྱི་བརྒྱུད་རིམ་རིང་ཞིང་དཀའ་ཚེགས་ཆེ་བ། ཐེག་པ་གསུམ་པོའི་ཆོས་འདུལ་བའི་འགན་ཁུར་ལྕི་བ་སོགས་ནང་པའི་སྤྱི་ཚོགས་གཞན་གང་དང་ཡང་མི་འདྲ་བའི་སྣེ་མང་རྙོག་འཛིང་ཆེ་བ་ཞིག་རེད་ལ། ཚོན་མདོག་མང་བ་དང་གདམས་ཀ་མང་བ་ཞིག་ཀྱང་རེད་དོ།།

རང་རེའི་བོད་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་གང་སར་ཡང་ཐེག་དམན་དང་ཐེག་ཆེན་རྒྱལ་ཁབ་དག་གི་སྤྱི་ཚོགས་དང་འདྲ་བར། ཐེག་པ་གསུམ་ལ་སློབ་གཉེར་དང་ཉམས་ལེན་བྱེད་མཁན་རིགས་གཉིས་ཏེ། དགོན་པའམ་སློབ་གྲྭའི་སྤྱི་ཚོགས་སམ་ལམ་ལུགས་དང་། དམངས་ཁྲོད་དེ་ཁ་འཐོར་བའི་སྤྱི་ཚོགས་ལམ་ལུགས་གཉིས་དར་ཁྱབ་བྱུང་ཞིང་། སྤྱི་ཚོགས་འདི་གཉིས་ལས་ཁ་འཐོར་བའི་སྤྱི་ཚོགས་ལ་མཚོན་ན་སློབ་གཉེར་གྱི་ལམ་ལུགས་དང་དཔལ་འབྱོར་གྱི་སྒྲིག་གཞི། སྲིད་དོན་གྱི་རྒྱབ་རྟེན་དང་སྤྱི་ཚོགས་ཀྱི་དོ་དམ་སོགས་གང་ཅིའི་ཐད་ནས་མངོན་གསལ་དོད་པོ་དང་ཤུགས་རྐྱེན་ཆེན་པོ་དེ་ཙམ་མེད། ཡིན་ན་ཡང་དགོན་པའམ་འདུས་སྡེའི་སྤྱི་ཚོགས་ལ་མཚོན་ན་ཆབ་དཔལ་རིག་གསུམ་གང་གི་ཐད་ནས་ཀྱང་སྤྱི་ཚོགས་ལ་ཚུར་སྣང་དང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་སླ་བའི་སྤྱི་ཚོགས་ཤིག་རེད།

དེའི་རྐྱེན་གྱིས་རབ་བྱུང་གི་སྡེའམ་སེར་མོ་བའི་དགོན་པའི་སྤྱི་ཚོགས་ཀྱིས་གོང་གསལ་ཐེག་པ་གསུམ་པོའི་བསླབ་པ་ཉམས་ལེན་དང་སློབ་གཉེར་ལག་ལེན་བྱེད་སྐབས། ཁ་འཐོར་བའམ་སྔགས་པ་སྔགས་མ་དང་ཁྱིམ་པ་མི་སྐྱའི་སྤྱི་ཚོགས་དང་མི་འདྲ་བར་སྟབས་བདེ་ཞིང་ཚགས་དམ་པ། རྒྱ་ཆེ་ཞིང་འབྲས་བུ་མངོན་གསལ་དུ་སྟོན་ཐུབ་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་རེད། དེའི་ཕྱིར་ལོ་ཟླའི་འགྲོས་དང་བསྟུན་ནས་སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་རབ་བྱུང་ཕོ་མོའི་སྡེ་དང་ཁྱད་པར་དུ་རབ་བྱུང་ཕོ་ཡི་སྡེ་གནས་དང་མི་གནས་ལ་གོ་བ་ལེན་ལུགས་ཤིག་མ་དག་རྒྱུན་འབྱམས་སུ་གྱུར་མི་འདུག་གམ། (ཁྱེད་ཀྱིས་བཙུན་མའི་སྡེ་མང་དུ་འཕེལ་བ་ནི་ཆོས་འདུལ་བ་རྒྱུན་རིང་དུ་མི་གནས་པའི་རྟགས་མཚན་ཞིག་ཡིན་ཞེས་པའི་བཤད་སྲོལ་ཞིག་གོ་མྱོང་ངམ། )

དེ་ལྟར་རབ་བྱུང་བའི་སྡེ་ཡིས་ཐེག་པ་གསུམ་ཀའི་ཆོས་འདུལ་བ་དང་གཞུང་ཆེན་སློབ་གཉེར་བྱེད་པའི་ལུགས་སྲོལ་འདི་ད་དུང་མ་འོངས་པའི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་གནས་དགོས་ན། ད་ཡོད་བོད་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡའི་རྒྱབ་མདུན། བོད་བརྒྱུད་ནང་བསྟན་དར་སའི་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་སྤྱི་ཚོགས་ལ་ཞིབ་བལྟ་ཞིག་བྱེད་དགོས། རང་རེའི་བོད་ཡུལ་དུ་དུས་འགྱུར་མ་བྱུང་སྔོན་ས་སྐྱའི་འགྲོ་མགོན་ཆོས་འཕགས་ཀྱི་སྐབས་སུ་གྲྭ་བཙུན་འབུམ་གཅིག་ཙམ་ལ་བསྙེན་བཀུར་ཞུས་པ་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་སློབ་མ་གྲྭ་བཙུན་སྔགས་གསུམ་འབུམ་གཅིག་ཙམ་ཡོད་པར་གྲགས་ཤིང་། ༡༩༥༨ ཡར་སྔོན་དུ་འབྲས་སྤུངས་ལ་གྲྭ་པ་བདུན་སྟོང་དང་སེ་རར་ལྔ་སྟོང་། དགའ་ལྡན་ལ་སུམ་སྟོང་ཙམ་ཡོད་པའི་བཤད་ཚུལ་དང་། རྙིང་མའི་གདན་ས་དྲུག་ལ་གྲྭ་བཙུན་གང་འཚམ་མང་པོ་ཞིག་ཡོད་པ་དང་། བཀའ་བརྒྱུད་པ་དང་ས་སྐྱ་པ། ཇོ་ནང་དང་བོན་པོ་ལ་ཡང་གྲྭ་བཙུན་གྲངས་འབོར་གང་འཚམ་མང་པོ་ཞིག་ཡོད།

ཡིན་ཡང་དུས་འགྱུར་ཆེན་མོའི་རྗེས་སུ་དབུས་གཙང་ཁུལ་དུ་རྙིང་བཀའ་ས་དགེ་ཇོ་བོན་གང་གི་དགོན་སྡེ་ཡིན་ཡང་གྲྭ་བཙུན་གྱི་གྲངས་འབོར་ཧ་ཅང་ཉུང་ཞིང་། ཁྱད་པར་དུ་འདས་པའི་ལོ་ཉི་ཤུ་ཙམ་གྱི་རིང་དགོན་པ་ཡོད་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས། ཡང་ན་རྫོང་ཁག་དེ་རང་གི་གྲྭ་བཙུན་མ་གཏོགས་དགོན་པ་དེར་ཞུགས་མི་ཆོག་པའི་ཁྲིམས་ལུགས་དང་། དེང་རབས་ཀྱི་སློབ་གྲྭའི་གོ་སྐབས་སྣ་ཚོགས། སྤྱི་ཚོགས་ཀྱི་ཁྲ་ཁྲ་ཟང་ཟིང་གི་འགུག་ཤུགས་དྲག་པོ། བྱིས་པ་ཉུང་སྐྱེའི་གནས་བབ་ཀྱི་ལྡོག་མེད་ལམ་ལུགས། དགོན་སྡེའི་ལྷིང་འཇགས་ཀྱི་འཚོ་བའི་སུན་སྣང་། གྲྭ་པའི་མི་ཚེ་ཡི་གཏད་སོ་རབ་རིབ་སོགས་ལ་བརྟེན་ནས། རང་རེའི་དགོན་སྡེའི་གྲྭ་བཙུན་གྱི་གྲངས་འབོར་འཕར་ཚད་དེ་ཧ་ཅང་དལ་དུ་ཕྱིན་པ་དང་། རིམ་བཞིན་གྲྭ་བཙུན་གསར་ཞུགས་པའི་གྲངས་ཚད་དེ་ཧ་ལམ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་ཏེ། དགོན་པ་ཆུང་ཆུང་མང་པོ་ཞིག་གི་རྒན་པ་རྫོགས་ཤིང་གཞོན་པ་མེད་པས། དགོན་པ་ལྷ་ཁང་སྒོ་རྒྱག་དགོས་བྱུང་བ་ཡང་ཧ་ཅང་མང་པོ་ཞིག་ཡོད་ཚོད་འདུག

ཐའེ་ལན་ཌའི་གྲྭ་པ་གཉིས་ཀྱིས་དེང་རབས་དང་མཐུན་པའི་སྒོ་ནས་ནང་ཆོས་ངོ་སྤྲོད་བྱས་དང་བྱེད་བཞིན་པར་ཁོང་ཅག་གི་སྤྱི་ཚོགས་ཁྲོད་དུ་ལོ་ན་རྒན་དར་གཞོན་ཧ་ཅང་མང་པོས་དགའ་བསུ་ཞུས་དང་ཞུ་བཞིན་ཡོད་ཅིང་། ཐེ་ལན་ཌིའི་གྲྭ་པ་གཉིས་དང་ངོ་དེབ་ནང་གི་ཆོས་བཤད། (voatibetan.com) མི་རབས་རྒན་པ་ཁག་ཅིག་གིས་དེར་མོས་མཐུན་གནང་གི་མེད་ཚོད་འདུག་ལ། གྲྭ་པ་དེ་གཉིས་ཀྱིས། ནང་ཆོས་ནི་དུས་རབས་ཡོལ་ཟིན་པ་ཞིག་མིན་ན་ཡང་། ང་ཚོས་ནང་ཆོས་ངོ་སྤྲོད་བྱེད་སྟངས་དེ་དུས་རབས་ཡོལ་ཟིན་པ་ཞིག་རེད། ཅེས་རྗོད་བཞིན་པ་འདི་ནི། རང་རེའི་སྤྱི་ཚོགས་ཀྱི་རབ་བྱུང་བའི་སྡོམ་པ་སྲུང་སྟངས་ལ་ཡང་སྦྱོར་ཐུབ་པ་ཞིག་རེད་སྙམ་སྟེ། དགེ་ཚུལ་སློང་གི་སྡོམ་པ་ལེན་རྒྱུ་འདི་ནི་དུས་རབས་ཡོལ་ཟིན་པ་ཞིག་མིན་ཡང་། དགེ་ཚུལ་སློང་གི་སྡོམ་པ་ལེན་དུས་མི་ཚེ་གཅིག་གཏའ་མར་བཞག་ནས་ལེན་སྟངས་འདི་ནི་དུས་རབས་ཡོལ་ཟིན་པ་ཞིག་རེད་བསམ།

རང་རེའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡོམ་རྒྱུན་ནི་ཇི་སྲིད་འཚོའི་བར་དུའམ་མི་ཚེ་གཅིག་གཏའ་མར་བཞག་སྟེ་ལེན་དགོས་པའི་སྡོམ་རྒྱུན་ཞིག་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་སྟེང་རབ་བྱུང་བ་མང་པོས་དམག་འཁྲུག་སོགས་ཀྱི་སྐབས་སུ་བསླབ་པ་ཕུལ་སྟེ་སྐྱ་སར་འབབ་དགོས་བྱུང་ཡོད་ལ། གང་ཟག་སྒེར་བ་རེས་སྔོན་ཆད་རབ་བྱུང་བའི་སྡོམ་པ་བླངས་ཀྱང་། ཕྱིས་སུ་སྔགས་པའི་གདུང་རྒྱུད་སྤེལ་བའི་ཆེད་དུ་བསླབ་པ་ཕྱིར་ཞུས་པ་ས་སྐྱའི་བདག་ཆེན་ཨ་མེས་ལྟ་བུ། ཡང་ན་སྤྱི་ཚོགས་ལ་གནོད་ཚབས་ཆེ་བའི་ཀླ་ཀློའི་དམག་དཔུང་ཟློག་ཆེད་བསླབ་པ་ཕུལ་ཏེ་དམག་དཔོན་བྱས་པ་མདོ་སྨད་ཀྱི་ཚ་ཀན་བླ་མ་དཀར་པོའི་ལོ་རྒྱུས་ལྟ་བུ་ཡོད་པ་རེད།

གྲྭ་བཙན་གྱིས་དགོན་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་དགོས་ངེས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་ནི་གྲངས་འབོར་རིམ་མཐུད་དང་སྤུས་ཀ་གཙོར་འདོན་འདི་གཉིས་ཡིན་ཞིང་། གྲངས་འབོར་རིམ་མཐུད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་གྲྭ་བཙུན་བྱེད་མཁན་རྒྱུན་ཆད་མེད་པར་ཡོད་དགོས་པ་འདི་རེད། ཡིན་ན་ཡང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ལ་གྲྭ་བཙུན་གྱི་སྤྱིའི་གྲངས་ཚད་དེ་རྩ་བའི་ཆ་ནས་མྱུར་ཚད་ཧ་ཅང་མགྱོགས་པོའི་སྒོ་ནས་མར་ཆག་བཞིན་འདུག་པ་ང་ཚོས་ཤེས་གསལ་ལྟར་རེད། འདི་ལ་རྒྱུ་རྐྱེན་མང་ཡང་གཙོ་བོ་དག་ནི།

༡ དངོས་ཤུགས་བརྒྱུད་གསུམ་ནས་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་བྱེད་ཤུགས་ཧ་ཅང་ཆེ་རུ་ཕྱིན་པ། ༢ ལྟོས་བཅས་ཀྱི་འཚོ་བའི་གནས་སྟངས་བཟང་དུ་ཕྱིན་པས། མི་རབས་གསར་པའི་ཁྲོད་དུ་མི་སྐྱའི་འཚོ་བར་ཞེན་པ་ལོག་མཁན་དཀོན་པ། ༣ འཇིག་རྟེན་གྱི་འདོད་ཡོན་ལ་རོལ་བའི་གོ་སྐབས་ཉུང་བའི་གྲྭ་བཙུན་གྱི་འཚོ་བར་ཡིད་སྨོན་སྐྱེ་མཁན་ཧ་ཅང་ཉུང་བ། ༤ ཁྱད་པར་དུ་མི་ཚེ་གཅིག་གི་རིང་དགོན་པར་བསྡད་དེ་གྲྭ་པའི་འཚོ་བར་སྡུག་རུས་བྱེད་འདོད་མེད་པ། ༥ གྲྭ་པའི་སྤྱི་ཚོགས་དང་ཁ་གྱེས་ནས་ཕྱིར་མི་སྐྱའི་སྤྱི་ཚོགས་སུ་ལོག་པ་ན་གྲྭ་ལོག་ཇོ་ལོག་ཅེས་མཐོང་ཆུང་ཁྱད་གསོད་ཀྱི་མནར་གཅོད་མྱོང་དགོས་པ། ༦  སློབ་གྲྭའི་ཁོར་ཡུག་གི་འཚོ་བའི་ཆུ་ཚད་དང་འགུག་ཤུགས་ཧ་ཅང་ཚད་མཐོར་ཕྱིན་པ། ༧ ཕ་མ་ཕལ་མོ་ཆེས་ཕྲུ་གུ་གཅིག་ནས་གཉིས་ཙམ་ལ་སྐྱེ་འདོད་མི་བྱེད་པ། ༨  རང་རང་གི་ཕྲུ་གུ་དག་གཞུང་བཙུགས་སློབ་གྲྭར་བཏང་སྟེ་མི་ཚེའི་མདུན་ལམ་བཟང་པོ་ཞིག་རྙེད་འདོད་མ་གཏོགས། རང་གི་ཕྲུ་གུ་དགོན་པར་བཏང་སྟེ་མ་འོངས་པར་རང་ཉིད་རྒན་རྒོན་ཆགས་དུས་ལྟ་རྟོག་བྱེད་མཁན་མེད་པའི་སྡུག་བསྔལ་མྱོང་འདོད་མེད་པ། ༩  སྤྱི་ཚོགས་ཁྲོད་དུ་གྲྭ་བཙུན་གྱི་སྣང་བཟང་པོ་དག་རིམ་བཞིན་ཉམས་ནས་སེར་མོ་བར་རོགས་སྐྱོར་གུས་ཞབས་བྱེད་མཁན་ཉུང་དུ་ཕྱིན་པ། ༡༠  གྲྭ་བཙུན་གྱི་འཚོ་བར་རོལ་ཚེ་མ་འོངས་པར་རྒན་རྒོན་ཆགས་དུས་རང་ཉིད་ལ་སོ་སོའི་བུ་ཕྲུག་དང་ཚ་བོ་སོགས་གཉོར་སྐྱོང་བྱེད་མཁན་མེད་པའི་སེམས་ཁྲལ། ༡༡  ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དུ་སོ་སོའི་ཕྲུ་གུ་དགོན་པར་གཏོང་མཁན་ཧ་ལམ་མེད་པའི་ཚད་དུ་བསླེབས་པ། ༡༢ ཕྱིར་སྡོད་བོད་མི་ཕྱེད་ཀ་ཙམ་ཞིག་ནུབ་ཕྱོགས་སྤྱི་ཚོགས་སུ་བསླེབས་ཟིན་པས། ནུབ་སྡོད་བོད་མི་སུས་ཀྱང་རང་གི་ཕྲུ་གུ་རྒྱ་བལ་དུ་ཡོད་པའི་དགོན་པར་གཏོང་མི་སྲིད་ལ། ནུབ་ཕྱོགས་སུ་བོད་ཕྲུག་གྲྭ་པར་འཛུལ་སའི་དགོན་པ་ལྷ་ཁང་མེད་པ། གོང་གསལ་དོན་ཚན་བཅུ་གཉིས་ལ་བསམ་བློ་གཏིང་ཟབ་ཅིག་བཏང་ཚེ། ད་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆ་གལ་ཆེན་པོ་ཞིག་སྟེ། བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་སྤྱི་སྲོལ་འདི་ལ་འགྱུར་བ་ཆེན་པོ་ཞིག་མ་བཏང་ཚེ། གྲྭ་བཙུན་གྱིས་དགོན་པ་སྐྱོང་བ་དང་བསྟན་པ་སྤེལ་བའི་ལམ་དང་ལུགས་སྲོལ་འདི་ལ་འཆི་ལམ་འབའ་ཞིག་ལས་གསོན་ལམ་ཕྲ་མོ་ཙམ་ཡང་མཐོང་རྒྱུ་མེད་པ་འདི་ལ་ང་ཚོས་སྣང་ཆུང་བྱེད་ག་ལ་ཐུབ་ཨང་།

གུས་པས་བལ་ཡུལ་དུ་ལོ་དྲུག་བསྡད་པའི་རིང་ལ་མཐོང་ཐོས་མྱོང་གསུམ་ལས་འདིར་བརྗོད་འོས་པ་ཞིག་ནི། བལ་ཡུལ་དུ་ཡོད་པའི་བོད་པའི་བླ་མ་ཚོས་འཛུགས་སྐྲུན་གནང་བའི་དགོན་པ་ཁག་གི་གྲྭ་རྒྱུན་བརྒྱ་ཆའི་གོ་དགུ་ཙམ་ཞིག་བལ་ཡུལ་དང་རྒྱ་གར་འབྲུག་གསུམ་གྱི་གྲྭ་རྒྱུན་རེད། གྲྭ་རྒྱུན་འདི་དག་ལོ་ན་ཧ་ཅང་ཆུང་ཞིང་ཕ་མ་གཉིས་ཀ་མེད་པའམ་ཡང་ན་ཕ་མ་གང་རུང་རེ་འདས་གྲོངས་སུ་ཕྱིན་པ། ཡང་ན་ཁྱིམ་ཚང་གི་དཔལ་འབྱོར་ཧ་ཅང་སྐྱོ་བོའི་གྲས་ནས་རེད་མ་གཏོགས། ཁྱིམ་ཚང་གི་དཔལ་འབྱོར་ཡག་པོ་ཡོད་པའི་གྲས་ནས་སོ་སོའི་ཕྲུ་གུ་དགོན་པར་གཏོང་མཁན་ཧ་ཅང་ཉུང་། གྲྭ་ཆུང་འདི་དག་དགོན་པར་འཛུལ་ནས་བཟུང་སྟེ་སློབ་སྦྱོང་དང་འཚོ་བའི་མཐུན་རྐྱེན་ཚང་མར་སེམས་ཁྲལ་མེད་པར་མ་ཟད། དགོན་པ་ནས་བསགས་པའི་དངུལ་གྱིས་སོ་སོའི་ནང་མི་ལ་ཡང་དཔལ་འབྱོར་གྱི་ཕན་ཐོགས་ཆེན་པོ་ཞིག་ཡོད།

ཡིན་ན་ཡང་གྲྭ་ཆུང་འདི་དག་ལོ་བཅུ་དྲུག་བཅུ་བདུན་ཙམ་ལ་སོན་ནས་སྤྱི་ཚོགས་སྟེང་གོམ་པ་རྒྱག་ཐུབ་པའི་སྐབས་སུ། བརྒྱ་ཆའི་བརྒྱད་ཅུ་ཙམ་ཞིག་དགོན་པ་ནས་མི་འདུག་པར་ཕྱིར་རང་རང་གི་གྲོང་པར་ལོག་འགྲོ་ཡི་འདུག ཡིན་ན་ཡང་། ལོ་རེ་རེ་བཞིན་དགོན་པའི་གྲྭ་པ་རྒན་པ་དག་ཧི་མ་ལ་ཡའི་རི་རྒྱུད་ཁག་གི་གྲོང་གསེབ་ཏུ་བསྐྱོད་ནས། ཁྱིམ་ཚང་དཔལ་འབྱོར་སྐྱོ་བོ་ཡོད་པའི་རིགས་ཀྱི་ཕྲུ་གུ་དག་བསྡུ་རུབ་ཀྱིས་དགོན་པའི་གྲྭ་རྒྱུན་ཁ་གསབ་ཀྱི་ཆེད་དུ་ཁྲིད་ཡོང་གི་ཡོད་པ་རེད། དེ་བས་གྲྭ་རྒྱུན་རྙིང་པ་འགྲོ་གིན་འགྲོ་གིན་གྲྭ་རྒྱུན་གསར་པ་ཡོང་གིན་ཡོང་གིན་དགོན་པའི་གྲྭ་པའི་འཁོར་རྒྱུགས་དེ་མཚམས་མི་ཆད་པ་ཞིག་ཡོང་གི་འདུག

ང་ཚོ་བོད་པའི་སྤྱི་ཚོགས་སུ་བལ་ཡུལ་དང་རྒྱ་གར་ལྟ་བུར་གྲོང་གསེབ་ཁག་ཏུ་ཕྱིན་ནས་ཕ་མ་སྐྱོ་བོའི་ཕྲུ་གུ་བསྡུ་རུབ་ཀྱིས་གྲྭ་རྒྱུན་ཁ་གསབ་བྱེད་ཐབས་བྲལ་བའི་གནས་སྟངས་འདི་ལ་བསམས་ན། རང་རེ་བོད་གངས་པའི་ལུང་པ་ནས་ཐག་དེ་ཙམ་རིང་པོ་མེད་པའི་ནང་བསྟན་གྱི་རྒྱལ་ཁབ་ཐའེ་ལན་ཌི་དང་འབར་མ། ཤྲྰི་ལིངྐ་སོགས་ཀྱི་ལུགས་སྲོལ་ལྟར། གྲྭ་པའི་སྡོམ་རྒྱུན་ལེན་དུས་མི་ཚེ་གཅིག་གཏའ་མར་བཞག་སྟེ་སྡོམ་པ་ལེན་མི་དགོས་པར། སྡོམ་པ་དེ་ཉི་མ་ཁ་ཤས་སམ་གཟའ་འཁོར་ཁ་ཤས། ཡང་ན་ཟླ་བ་ཁ་ཤས་སམ་ལོ་ཤས་རིང་གྲྭ་པ་བྱས་ཏེ་ནང་བསྟན་ལ་སློབ་གཉེར་ཉམས་བྱས་རྗེས། ཕྱིར་རང་གི་མི་སྐྱའི་སྤྱི་ཚོགས་སུ་ལོག་སྟེ་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་ལ་ཞབས་ཞུ་སྒྲུབ་པའི་ལུགས་སྲོལ་བཟང་པོ་ཞིག་ཡོད་པ་འདིར་ང་ཚོས་དཔེ་བླངས་ཏེ། རང་རེ་བོད་ཀྱི་གྲྭ་པའི་སྡོམ་རྒྱུན་ཏེ་ཇི་སྲིད་འཚོའི་བར་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བསླབ་པ་ལེན་ལུགས་འདི་ལ་བཅོས་བསྒྱུར་བྱེད་པའམ། ཡང་ན་གནས་བརྟན་སྡེ་བའི་དུས་ཚོད་ཐུང་ངུའི་རིང་བསླབ་པ་ཕྱིར་འབུལ་བྱེད་ཆོག་པའི་སྡོམ་རྒྱུན་འདི་ངེས་པར་དུ་ནང་འདྲེན་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སྟངས་ཤིག་རེད།

དཔེར་ན་བོད་ཕྱི་ཕྱོགས་ཀྱི་ཆོས་སྡེ་ཁག་ཏུ་བོད་ལ་དགེ་སློང་མའི་སྡོམ་རྒྱུན་མེད་པའི་གནས་སྟངས་ལ་འགྱུར་ལྡོག་གཏོང་དགོས་མིན་ལོ་མང་རིང་ཚོགས་འདུ་འདྲ་མིན་བསྐོངས་ནས་བགྲོ་གླེང་བྱས་ཀྱང་འབྲས་བུ་དོན་ཐོག་ཏུ་འཁྱོལ་བ་ཞིག་ད་དུང་བྱུང་མེད་ཀྱང་། འབྲུག་ཡུལ་ནས་ལོ་སྔོན་མར་རྗེ་མཁན་པོས་འདུལ་ཆོག་ལག་བསྟར་བྱས་ཏེ་དགེ་སློང་མ་བསྒྲུབས་ཏེ་ཧི་མ་ལ་ཡའི་རི་རྒྱུད་དུ་དགེ་སློང་མ་མེད་པའི་སྟོང་ཆ་དེ་ཁ་སྐོང་བྱས་པ་ལ་བསམ་བློ་ཞིག་བཏང་ན། ང་ཚོས་ཀྱང་ཤྲྰི་ལངྐའམ་ཐའེ་ལན་སོགས་ནས་གནས་བརྟན་སྡེ་བའི་དགེ་སློང་སེར་པོ་བཞི་སྡེ་ཞིག་གདན་དྲངས་ནས་ཁོང་ཚོའི་ལུགས་ཀྱི་དགེ་ཚུལ་སློང་གི་སྡོམ་རྒྱུན་དེ་རང་རེའི་དགོན་སྡེ་ཁག་གི་ནང་དུ་ཁྱབ་སྤེལ་བྱེད་པའམ། ཡང་ན་རང་ཅག་གི་སྡོམ་རྒྱུན་གཞིར་བཞག་གིས་དགེ་ཚུལ་སློང་གི་བསླབ་པ་དེ་དུས་ཡུན་ཐུང་ངུའི་ནང་ལེན་ཆོག་པའི་ལུགས་སྲོལ་ལག་ལེན་དང་ཁྱབ་སྤེལ་བྱེད་དགོས།

ང་ཚོས་ཤེས་གསལ་ལྟར་ཐའེ་ལན་ཌི་དང་ཤྲྰི་ལིངྐ་ལྟ་བུ་གནས་བརྟན་སྡེ་བའི་དགོན་སྡེའི་སྤྱི་ཚོགས་ནི་བོད་ཀྱི་དགོན་ཆེན་ལྟ་བུའི་གཞི་རྒྱ་ཆེན་པོ་མེད་ན་ཡང་། མི་ཐམས་ཅད་ཀྱི་ཁམས་དང་བསམ་པ་དང་མཐུན་པའི་སྡོམ་པ་ལེན་པའི་སྲོལ་བཟང་པོ་ཞིག་སྟེ། གྲྭ་པའི་སྡོམ་པ་མི་ཚེ་གཅིག་གི་རིང་ངམ། ལོ་ཤས་སམ་ཡང་ན་ཟླ་ཤས། གཟའ་འཁོར་ཁ་ཤས་སམ་ཡང་ན་ཉིན་ཤས་རིང་ལེན་ཆོག་པས། ཆེ་ས་ནས་རྒྱལ་ཁབ་ཀྱི་དོན་ཆེན་དང་ཆུང་ས་ནས་ཁྱིམ་ཚང་གི་འཚོ་གནས་སོགས་ལ་ཡང་མི་གནོད་པའི་སྟེང་དུ། དགོན་སྡེའི་གྲྭ་པའི་སློབ་སྦྱོང་དང་གྲྭ་པའི་མི་རབས་རྒྱུན་འཛིན་བྱེད་པ་སོགས། མདོར་ན་ཆོས་དང་འཇིག་རྟེན་གྱི་རིག་གནས་དང་འཚོ་བ་གཉིས་ཀར་སྟབས་བདེའི་སྒོ་ནས་ཕན་རླབས་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་རེད།

དེ་ལྟར་གོང་དུ་བརྗོད་པ་ལྟར། རང་རེ་བོད་ཀྱི་དགོན་སྡེ་དག་གིས་ཀྱང་ད་ལྟ་དང་མ་འོངས་པའི་དགོན་པའི་གྲྭ་རྒྱུན་མི་འཆད་པའི་ཆེད་དུ་དམིགས་ཏེ། རང་རེའི་སྡོམ་པ་ལེན་སྲོལ་ལ་བཅོས་བསྒྱུར་རམ་གུ་ཡངས་གཏོང་བའམ། གནས་བརྟན་སྡེ་བའི་བསླབ་པ་ལེན་ཆོག་ནང་འདྲེན་བྱེད་དགོས་ཏེ། ཚ་ཚ་འུར་འུར་དང་འགྱུར་འགྲོས་ཧ་ཅང་རྐྱེན་པའི་དེང་རབས་སྤྱི་ཚོགས་སུ། སྤྱི་ཚོགས་ཀྱི་འགྱུར་བ་དང་མིའི་སེམས་ཁམས་དང་གདམ་ཀ་སོགས་ལ་མ་བསྟུན་པར། གནའ་སྔ་མོའི་ལུགས་སྲོལ་རང་ལ་ཞེན་པ་ཨ་འཐས་བྱས་ནས་བསྡད་ཚེ། ཆོས་འཇིག་རྟེན་གང་ཐད་ནས་འཆི་ལམ་དང་རྩ་བརླག་གི་ལམ་ཁ་མ་གཏོགས་འགྲོ་བ་གཞན་ཅི་ཡང་མེད་པ་ང་ཚོས་ཤེས་གསལ་བཞིན་མ་ཡིན་ནམ།

ཁོ་རང་རང་གི་ནང་མི་ལ་དཔེ་བཞག་ན་ཡང་། མ་དྲིན་མོ་ཆེ་འཇིག་རྟེན་འདི་ནས་མ་གྲོངས་སྔོན་དུ། མོ་ལ་མི་ཚེའི་ནང་འགྱོད་པ་སྐྱེ་དགོས་སའམ་ཡང་ན་རེ་འདོད་བཞིན་མ་འགྲུབ་པ་གང་ཞིག་ཡོད་མེད་དྲིས་སྐབས། མོས་མི་ཚེའི་ནང་དོན་དག་འདི་མ་འགྲུབ་བསམ་པ་གཅིག་མ་གཏོགས་མེད་པ་དང་། དེ་ནི་མི་ཚེའི་ནང་བཙུན་མ་ཞིག་བྱེད་མ་ཐུབ་པ་དེ་ཡིན་གསུངས་འདུག དེ་ནི་བོད་ཀྱི་གྲྭ་བཙུན་གང་ཡིན་ཡང་བསླབ་པ་ལེན་དུས་ཇི་སྲིད་འཚོའི་བར་དུའམ། མི་ཚེ་གཅིག་གཏའ་མར་འཇོག་དགོས་པའི་བསླབ་པ་ལེན་སྲོལ་དེའི་རྐྱེན་གྱིས་ཡིན་པ་མ་གཏོགས། གལ་སྲིད་བོད་ལ་ཡང་ཐེག་དམན་སྡེ་བ་ལྟར་བསླབ་པ་ལེན་དུས་ལོ་ཟླ་ངེས་ཅན་གྱི་གདམ་ཀ་ཡོད་ཚེ། ཁོ་བོའི་མ་རྒན་ལྟ་བུའི་བོད་ཀྱི་མི་ཧ་ཅང་མང་པོ་ཞིག་གིས་མི་ཚེའི་ནང་གྲྭ་པ་དང་བཙུན་མའི་འཚོ་བར་རོལ་མྱོང་བྱེད་པའི་གོ་སྐབས་ཡོད་པ་རེད།

ཉེ་ཆར་སྐད་འཕྲིན་ལས་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས། བོད་ཀྱི་མི་སྐྱ་རྒན་རྒོན་ཚོ་མ་ཤིའི་སྔོན་དུ་གྲྭ་བཙུན་གྱི་སྡོམ་པ་རེ་ལེན་དགོས། དེ་ལྟར་བྱས་ཚེ་ཤི་ན་ངན་སོང་མེད་ཅེས་གསུངས་པ་ཞིག་མཇལ་བྱུང་། གལ་སྲིད་བོད་ལ་དུས་ཚོད་ཐུང་ངུའི་རིང་གྲྭ་བཙུན་གྱི་སྡོམ་པ་ལེན་སྲོལ་འདི་དར་ཁྱབ་བྱུང་ཚེ། བོད་ཀྱི་མི་སྐྱ་ཕོ་མོ་ཚོས་རྒན་རྒོན་ཆགས་ནས་འཆི་ཁར་མ་བསླེབས་བར་དུ་སྒུག་མི་དགོས་པར། རང་རང་གི་དབང་པོ་རྣམ་ལྔ་གསལ་བོ་ཡིན་པའི་དུས་སུ་གྲྭ་བཙུན་གྱི་སྡོམ་པ་ཞུས་ཏེ་རབ་བྱུང་ཕོ་མོའི་འཚོ་བ་ཉམས་སུ་མྱོང་ཆོག་གི་ཡོད་པ་རེད།

ངོ་བཤུས། ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དང་དགོན་སྡེ་ཆེན་པོ་དག་ལ་ཕུལ་ཟིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese