ཧྥ་རན་སིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་མཛད་གཙོ་རྣམ་པ་དང་གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ལ་འཚམས་གཟིགས་གནང་གི་འདུག
ཁ་སང་ཕྱི་ཚེས་ ༢༠ ཉིན་ནས་ཉིན་གྲངས་ལྔའི་རིང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལ་ཁུལ་དུ་འཚམས་གཟིགས་སུ་ཕེབས་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་སྤྱི་ཡོངས་ཀྱི་གནས་བབ། བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ནས་གླེང་མོལ་གནང་ཡོད་འདུག་ལ། དེ་རིང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། ཧྤ་རན་སི་བོད་ཀྱི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་འཇིགས་མེད་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་ཧྤ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཇེ་ཁེ་ལིན་(Jacqueline Eustache-Brinio)མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ཨེལ་སི་ཇོ་སེ་ཧྥི་ (Else Joseph)ལགས། གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཨོ་ལི་ཝིར་རི་ཌི་མན་( Olivier Rietmann)་ལགས། གྲོས་ཚོགས་གོང་མའི་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ཕེབས་ཡོད་འདུག གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཡིན་ཅིང་།ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད།
ལས་འཆར་ལྟར་ན། སྐུ་ཚབ་ཚོགས་ཆུང་དེས་བཞུགས་སྒར་དྷ་ས་ཁུལ་དུ་ཡོད་པའི་བོད་ཀྱི་སློབ་གྲྭ་ཁག་དང་། རིག་གཞུང་གཅེས་སྐྱོང་ཁང་། གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ཏུའང་ཆེད་ཕེབས་གནང་སྟེ་བོད་དོན་སྐོར་ལ་རྒྱུས་ལོན་གནང་གི་ཡོད་འདུག
ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་ཨེམ་མེ་ནུལ་མེ་ཁི་རོན (Emannuel Macron)་མཆོག་རྒྱ་ནག་དུ་འཚམས་གཟིགས་སུ་མ་ཕེབས་གོང་དུ། ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཇེ་ཁེ་ལིན་(Jacqueline Eustache-Brinio)མཆོག་ནས་རྒྱ་ནག་ནང་འཚམས་གཟིགས་ཀྱི་སྐབས་སུ་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་བསྒྱུར་སློབ་གསོ་དང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་སྐོར་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས། བོད་ཀྱི་རང་བྱུང་ཁོར་ཡུག་གི་གལ་གནད་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཧྥ་རན་སི་གྲོས་ཚོགས་ནང་ཁོང་མོས་རྒྱ་ནག་གིས་མུ་མཐུད་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་བསྒྱུར་སློབ་གསོ་དང་། བོད་ཀྱི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་ཉེན་ཚབས་ཐོག་འཛིན་སྐྱོང་ལ་འདྲི་རྩད་ཡང་གནང་ཡོད་འདུག
གསར་འགོད་པ་བྱམས་པ་ཚེ་རིང་གིས་བསྡུ་སྒྲིག་བྱས།