སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སི་ཀོ་ཊ་ལན་ཌིའི་ལྗང་ཁུ་སྲིད་དོན་ཚོགས་པའི་དབུ་འཁྲིད་སྐུ་ཞབས་པེ་ཊི་རིག་ལགས་དང་དམངས་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཨེ་ལེག་སི་སོགས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཉིན་གྲངས་ ༡༩ རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབྱིན་ཡུལ་དང་ནོར་ཝེ། ཌན་མག འཇར་མན་བཅས་ནང་དུ་རིམ་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སི་ཀོ་ཊ་ལན་ཌི་ལྗང་ཁུ་སྲིད་དོན་ཚོགས་པའི་དབུ་ཁྲིད་སྐུ་ཞབས་པེ་ཊི་རིག་ (Patrick Harvie) ལགས་དང་། སི་ཀོ་ཊ་ལན་ཌིའི་དམངས་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཨེ་ལེག་སི་ (Alex Cole-Hamilton) ལགས། སི་ཀོ་ཊ་ལན་ཌི་ལྗང་ཁུ་སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ཞབས་རག་སི་ཀེལ་ (Mark Ruskell)ལགས། སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་དབུ་ཁྲིད་ལྕམ་སྐུ་ཇེ་ནི་ (Jennie Chinembiri)ལགས། ཨི་ཌེན་བྷག་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཌེན་ཧིབ་ (Dan Heap) ལགས་དང་། ལྕམ་སྐུ་ཀེ་ལིག་ (Kayleigh O’Neill) ལགས་སོགས་དང་ལྷན་དུ་མཇལ་འཕྲད་གནང་བ་མ་ཟད། སི་ཀོ་ཊ་ལན་ཌིའི་གྲོང་ཁྱེར་ཨེ་ཌིན་བྷག་གི་སྤྱི་ཁྱབ་རོ་བྷ་ཌི་ (Robert Aldridge) མཆོག་དང་ཨི་ཌེན་བྷག་གྲོང་སྡེ་ལྷན་ཚོགས་ཀྱི་མགོ་ཁྲིད་སྐུ་ཞབས་ཀེམ་མི་ (Cammy Day) མཆོག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག
ཉིན་དེའི་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཌེན་བྷག་ལ་ཕེབས་ཏེ། སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྤེ་སལ་ (Faysal Choudhury)ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཌོ་ནལ་ (Donald Cameron)ལགས། གྲོས་ཚོགས་འཐུས་མི་ལྕམ་སྐུ་པོ་ལིན་ (Pauline McNeill)ལགས་བཅས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སི་ཀོ་ཊ་ལན་ཌི་ལ་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས། སི་ཀོ་ཊ་ལན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་སི་ (Ross Greer) མཆོག་དང་། ཚོགས་པའི་དྲུང་ཆེ་ལྕམ་སྐུ་ཨེ་ལི་ནོར་ (Eleanor Byrne-Rosengren) ལགས། ཚོགས་མི་སྐུ་ཞབས་མ་ཐི་ཡ་སི་ (Mathias Rosengren) ལགས། སྐུ་ཞབས་མར་ཊིན་ (Dr Martin Mills) ལགས། སྐུ་ཞབས་རོན་ (Ron Scrimegour) ལགས། ལྕམ་སྐུ་ཇིལ་ (Jill Sudbury) ལགས། ལྕམ་སྐུ་ལིན་ཌ་ (Linda Hendry) ལགས། སྐུ་ཞབས་ཀེམ་མི་རོན་ (Cameron Garett) ལགས་དང་སི་ཀོ་ཊ་ལན་ཌི་ལ་གནས་སྡོད་ཧོང་ཀོང་མི་མང་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག ད་དུང་ཉིན་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨི་ཌེན་བྷག་གི་མཐོ་རིམ་སློབ་གཉེར་ཁང་དུ་ (Tibet: An Unresolved International Conflict) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒེར་གྱི་ཊུ་ཝི་ཊར་སྟེང་། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁེ་ཐི་རིན་ (Catherine Westbrook) ཐུག་འཕྲད་འཁྱུག་ཙམ་རིང་བྱུང་ཡང་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། འབྱུང་འགྱུར་སླར་ཡང་ཐུག་འཕྲད་དང་བོད་དོན་ཐོག་ལ་གླེང་སློང་མུ་མཐུད་གནང་ཐུབ་རྒྱུའི་རེ་བ་ཡོད། ཅེས་བརྗོད་ཡོད་འདུག གཞན་ཡང་། ཝེ་སི་མིན་ས་ཊར་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཆེན་མོ་སྐུ་ཞབས་ཌིབ་ཡེ་ཤི་ (Prof Dibyesh Anand) ལགས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་ཝེ་སི་མིན་ས་ཊར་གཙུག་ལག་སློབ་གཉེར་ཁང་ (University of Westminster) དུ་འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་ནང་གི་དམངས་གཙོ། བོད་དང་རྒྱ་ནག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་གཟིག་རྒྱབ་རིན་པོ་ཆེ་མཆོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་དང་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་བཅས་ལྷན་འཛོམས་ཐོག དབྱིན་ཡུལ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་མདུན་དུ་བོད་ནང་གི་ཆོས་དད་རང་དབང་ཐོག་ཉན་ཞིབ་གནང་ཡོད་འདུག་ལ། དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནི་དབྱིན་ཡུལ་གྲོས་ཚོགས་ཀྱི་ལྷན་ཚོགས་ཆེ་གྲས་ཤིག་ཡིན་འདུག
ཉིན་དེའི་ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་སུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལའོ་ཊན་ (Tim Loughton) མཆོག་དང་། ཚོགས་མི་ལྕམ་སྐུ་ཀེ་རི་མེག་ཁར་ཐི་ (Kerry McCarthy) མཆོག ལྕམ་སྐུ་ཝེ་ར་ཧོབ་ཧའུ་སི་ (Wera Hobhouse) མཆོག་བཅས་དང་མཇལ་འཕྲད་གནང་བ་དང་། དབྱིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ (Sir Lindsay Hoyle) མཆོག་དང་ལྷན་དུ་མཇལ་མོལ་གནང་རྗེས། དབྱིན་ཡུལ་གྲོས་ཚོགས་ནང་ཟུར་ཉན་དུ་ཕེབས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།