མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔགས་འདོན་པ་དང་སྦུགས་དཀྲོལ་བ་སོགས་བྱེད་ཀྱི་ཡོད་མེད་གང་ཡང་སེམས་བཟང་པོ་བྱེད་རྒྱུ་དེ་གཙོ་ཆེ་ཤོས་ཡིན་པས་སྙིང་རྗེ་སྒོམ་པར་དོ་སྣང་མེད་པའམ་ལྷོད་གཡེང་དུ་གཏོང་རྒྱུ་མེད་སྐོར་བཀའ་སློབ་བསྩལ།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།

དྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་ཕྱི་ཚེས་ ༣༠ ནས་ཉིན་གཉིས་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞོན་སྐྱེས་རྣམས་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་སོང་། ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་བོད་རིགས་གཞོན་ནུ་རྣམས་གཙོ་བོ་བྱས་ནས་སེམས་བསྐྱེད་ཀྱི་སྐོར་བཤད་པར་རེ་འདུན་བྱུང་བ་རེད། སེམས་བསྐྱེད་ཟེར་བ་ཞེ་བོ་བཟང་པོ་ཞིག་རེད། སེམས་པ་བཟང་པོ་བྱས་ནས་སྤྱི་སེམས་འཁྱེར་རྒྱུ་དེ་ཞེ་བོ་རྩ་ཆེན་པོ་རེད། ངའི་ངོས་ནས་ཆ་བཞག་པ་ཡིན་ནའང་། ཞོགས་པར་ཡར་ལངས་པ་དང་། སེམས་བསྐྱེད་ལ་བསམ་བློ་གཏོང་གི་ཡོད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཡོངས་སུ་རྫོགས་པ་དང་། བྱེ་བྲག་ཏུ་མིའི་འགྲོ་བ་གཙོ་བོར་གྱུར་བའི་སེམས་ཅན་གྱི་དོན་དུ་ཉིན་ལྟར་སྨོན་ལམ་འདེབས་བཞིན་ཡོད། དེ་དངོས་གནས་དྲང་གནས་སེམས་སུ་ཞི་བདེ་སླེབས་རྒྱུ་དང་། སེམས་ལྷོད་ལྷོད་ཆགས་པར་ཕན་ཐོགས་འདུག ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་པར་གལ་ཆེན་པོ་བརྩི་ཡི་ཡོད། དེའི་གྲོགས་བྱེད་མཁན་སྟོང་ཉིད་ཀྱི་ལྟ་བ་རེད། ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད། སེམས་བཟང་པོ་བྱེད་པ་ཞེ་བོ་ཕན་ཐོགས་འདུག ངོས་ཀྱིས་སྨོན་ལམ་འདེབས་པ་དེའང་། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།  ཅེས་འགྲོ་བའི་སྡུག་བསྔལ་མ་སེལ་བར་དུ་སེམས་ཅན་གྱི་དོན་བྱ་རྒྱུ་དེ་ཡིན། དེ་འདྲའི་སེམས་ཤུགས་ཞེ་བོ་འདུག ངའི་ངོས་ནས་ཆ་བཞག་ན་སེམས་ལྷོད་ལྷོད་ཆགས་པའི་རྐྱེན་ལ་བརྟེན་ནས་དགོང་མོ་གཉིད་ཡག་པོ་ཁུག  སེམས་ལ་ཁོང་ཁྲོ་ཟ་བ་དང་འཁྲུག་པ་སོགས་ཁྱོན་ནས་ཡོང་གི་མི་འདུག སེམས་ལྷོད་ཤིག་ཤིག་ངང་ནས་བསྡད་ཀྱི་འདུག  དགོང་མོ་ཉལ་དུས་སེམས་ལྷོད་ལྷོད་བསྡད་ཀྱི་འདུག བོད་གངས་ཅན་གྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་སྤྱི་བོར་སྒོམ་གྱི་ཡོད་ལ། དེ་ནས་མ་ཎི་བགྲང་བཞིན་ཉལ་གྱི་ཡོད། དངོས་ཡོད་གནས་ཚུལ་གྱི་སྟེང་ནས་སེམས་ལྷོད་ལྷོད་ཆགས་དུས། ལུས་ཀྱི་འབྱུང་བ་དེ་དག་ཀྱང་རང་བཞིན་གྱིས་བདེ་བོ་ཆགས་ནས་ཕན་ཐོགས་ཞེ་བོ་འདུག བོད་གངས་ཅན་པར་དམིགས་བསལ་གྱིས་འཕགས་མཆོག་ཕྱག་ན་པདྨོའོ་འདུལ་ཞིང་ཟེར་གྱི་རེད་ལ། དམིགས་བསལ་གྱིས་སྤྱན་རས་གཟིགས་ལ་འབྲེལ་བ་ཡོད་བསྡད་པ་ཞིག་རེད། རྒྱ་ནག་ལ་ཆ་བཞག་ནའང་རི་བོ་རྩེ་ལྔ་དང་འབྲེལ་ནས་འཇམ་པའི་དབྱངས་ལ་འབྲེལ་བ་ཡོད་བསྡད་པ་བཤད་ཀྱི་ཡོད། ང་ཚོ་བོད་གངས་ཅན་པ་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་དུས། ངའི་ངོས་ནས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་དང་སྤྱི་བོར་སྒོམ་བཞིན་ཡོད། ཅེས་གསུངས་སོང་།

བོད་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དབྱར་ཁའི་གུང་སེང་དང་བསྟུན་ནང་ཆོས་ངོ་སྤྲོད་ནང་ཞུགས།་༢༠༢༣།༠༥།༣༠ དུས་བབ་ཀྱི་པར།

ཡང་མགོན་པོ་གང་ཉིད་ཀྱིས། དེ་རིང་འདིར་བོད་རིགས་གཙོ་བོ་གྱུར་བའི་དད་ལྡན་གང་འཚམ་ཞིག་འཛོམས་ཡོད་པ་རེད། སང་ཉིན་ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས་ཀྱི་རྗེས་གནང་ཡོད། གཞོན་སྐྱེས་ཚོའི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་གཙོ་བོ་དམིགས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་ཡིན། དེ་རིང་འདིར་སེམས་བསྐྱེད་སྐོར་ནས་རེད། རྗེ་རིན་པོ་ཆེ་ལམ་རིམ་ཆེན་མོའི་ནང་དུ་སེམས་བསྐྱེད་ཀྱི་སྐོར་ཡོད་ཀྱང་། དེ་རྒྱས་བ་ཞེ་དྲགས་ཡིན་པས་འདིར་དགོས་ཀྱི་མི་འདུག གང་ལ་སེམས་ཀྱི་དམ་པ་རང་བཞིན་དེ།། བསྐྱེད་པ་དེ་ཡི་ཀུན་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱེད་ཀྱང་དེ་འབྲེལ་བ།། དེ་ཡི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། ཞེས་སྤྱོད་འཇུག་ལས་གསུངས་བ་བཞིན། བྱང་ཆུབ་ཀྱི་སེམས་ལ་གཞན་ཕན་བློ་མཐའ་གཅིག་ཏུ་ཡོད་བསྡད་པ་དེ་ཕྱག་འཚལ་འོས་པ་རེད། བྱང་ཆུབ་ཀྱི་སེམས་བཟང་པོ་ཡོད་པར་ཕར་གནོད་པ་བསྐྱལ་ཡང་། གནོད་ལེན་གནོད་པས་མི་བྱེད་པར་ཚུར་ཕན་ཐོགས་པ་ཡོང་བསྡད་ཀྱི་ཡོད། འཛམ་གླིང་དུ་བདེ་སྐྱིད་ཡོང་བའི་རྩ་བ་སེམས་པ་བཟང་པོ་རེད། སེམས་པ་བཟང་པོ་ཡོད་ན་སོ་སོའི་སེམས་སྐྱིད་པ་དང་། ཐ་ན་གཉིད་ཀྱང་སྐྱིད་པ་རེད། སེམས་འཁྲུག་བསྡད་ན་གཉིད་དུས་ཀྱང་དབུགས་རིང་པོ་བཏང་ནས་ཕར་སློག་ཚུར་སློག་བྱས་ཏེ་མ་སྐྱིད་པ་བྱུང་གི་རེད། གཞན་ཕན་གྱི་བློ་ཡག་པོ་ཞིག་ཡོད་ན་སེམས་ལྷོད་བཤིག་བཤིག་བསྡད་རྒྱུ་འབྱུང་གི་རེད། བྱང་ཆུབ་ཀྱི་སེམས་ཟེར་བ་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་ཨ་ཅང་ཅང་། ཉིན་རེ་བཞིན་དུ་སེམས་ལྷོད་ལྷོད་ཆགས་པར་ཁྱད་པར་ཞེ་བོ་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། རང་དོན་བསྒྲུབ་ན་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་རེད། གཞན་དོན་བསྒྲུབ་ཡང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་རེད། འཕྲལ་གྱི་བདེ་བ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་རེད། ཚེ་རབས་ནས་ཚེ་རབས་བདེ་བ་དང་། མངོན་པར་རྫོགས་པ་སངས་རྒྱས་པར་བྱང་ཆུབ་ཀྱི་སེམས་ལ་བརྟེན་ས་ཡོང་གི་ཡོད། བྱང་ཆུབ་སེམས་ནི་སེམས་པ་བཟང་པོའི་མཐར་ཐུག་རེད། སེམས་ཅན་ཐམས་ཅད་ལ་སྙིང་ཁོངས་རིས་པའི་གཏིང་ནས་བརྩེ་བའི་བློ་ཡག་པོ་སླེབས་པ་དེ་ཞེ་བོ་རྩ་ཆེན་པོ་རེད། བྱང་ཆུབ་ཀྱི་སེམས་ཡོད་ན་མཐའ་གཅིག་ཏུ་ཕན་སེམས་ཡོད་དུས། གང་ཟག་ཁ་ཤས་ཀྱི་ཕྱིན་ཅི་ལོག་པའི་གོ་བ་ལེན་པ་དང་། དཔེར་ན། ལྷ་དང་། མི། ལྷ་མ་ཡིན་གྱི་ནང་དུ་སེམས་མི་སྐྱིད་པ་དེ་འདྲ་ཡོང་གི་ཡོད་ཀྱང་། སྙིང་རྗེ་བའི་ཡུལ་རེད་མ་གཏོགས། ང་ལ་མ་དགའ་བ་བྱེད་ཀྱི་འདུག་བསམ་པ་རྩ་བ་ཉིད་ནས་བྱེད་ཀྱི་མི་འདུག སེམས་ཅན་ཀུན་ལ་བརྩེ་བའི་བློ་བསྐྱེད་པ་ལས། ང་ལ་མི་དགའ་བ་བྱེད་ཀྱི་འདུག་བསམ་རྒྱུ་མི་འདུག  ཁ་གཏོང་བའི་བསམ་པ་དེ་རྨོངས་པའི་དབང་གིས་བྱས་པ་ཞིག་ཡིན་པ་དང་། ལྷག་པར་དུ་སྙིང་རྗེ་ཆེན་པོ་སྐྱེ་དགོས་པ་ཞིག་ཆགས་ཀྱི་འདུག བྱང་ཆུབ་སེམས་ཀྱི་ཕན་པའི་བསམ་པ་ཞེ་བོ་རྩ་ཆེན་པོ་རེད། ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཞེ་བོ་སྒོམ་བཞིན་ཡོད། བྱང་ཆུབ་ཀྱི་སེམས་ལ་མྱོང་བ་གང་ལ་གང་འཚམ་ཆགས་བསྡད་ཡོད། རྒྱ་གཞུང་གིས་བོད་མིར་མནར་གཅོད་གཏོང་བ་དང་། སྐུ་གསུང་ཐུགས་རྟེན་བཤིག་པ་དེ་འདྲ་བྱས་དུས། ལྷག་པར་བརྩེ་བའི་བློ་སྐྱེ་བ་གཏོགས། དེ་ལ་ཁོང་ཁྲོ་ཟ་བ་དང་། སེམས་མ་སྐྱིད་པ་ཁྱོན་ནས་མི་འདུག དེ་ཞེ་བོ་རྩ་ཆེན་པོ་རེད། བོད་མི་ཚོ་ཆུང་དུས་ནས་ལྷན་སྐྱེས་ཀྱིས་འབུ་མི་གསོད་པ་དང་། སེམས་བཟང་པོ་བྱེད་པའི་གོམས་གཤིས་ཡོད། ངོས་ཀྱིས་ཆུང་དུས་ནས་འབུ་མི་གསོད་པའི་ཡིད་གཟབ་བྱེད་ཀྱི་ཡོད། རྒྱ་མི་རིགས་ཀྱིས་བོད་པར་སྡང་སེམས་བྱས་པར་ལྷག་པར་དུ་བརྩེ་བའི་བློ་སྐྱེ་བཞིན་འདུག ཞེ་སྡང་སྐྱེ་སའི་ཡུལ་ལ་བརྩེ་བ་སྐྱེ་ཡོང་དུས། ཞེ་སྡང་ལངས་སའི་གཞི་མེད་པ་ཆགས་ཀྱི་འདུག ང་ཚོས་བྱང་ཆུབ་ཀྱི་སེམས་ལ་དང་དོད་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་བཞིན་༧མགོན་པ་གང་ཉིད་ཀྱིས། ཁ་ནས་སྔགས་འདོན་པ་དང་། སྦུགས་དཀྲོལ་བ་སོགས་བྱེད་ཀྱི་ཡོད་ན་རེད། མེད་ནའང་རེད། སྙིང་པོ་སེམས་བཟང་པོ་བྱེད་རྒྱུ་གཙོ་ཆེ་ཤོས་རེད། སྙིང་རྗེ་སྒོམ་པར་དོ་སྣང་མེད་པའམ་ལྷོད་གཡེང་དུ་བཏང་ནས་ལྷ་སྒོམ་པ་དང་། རྔ་བརྡུང་བ། སྦུགས་དཀྲོལ་བ། ལྷའི་ནང་ནས་ལྷ་དྲག་པོར་སེམས་ཐག་ཉེ་བོ་བྱེད་པ་དེ་འགྲིག་མེད་སྐོར་བཀའ་སློབ་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese