ཕྱི་ཟླ་ ༥ ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ ཡོལ་ཙམ་ལ་བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མར་རུ་མཚོ་གྲོང་རྡལ་ཐང་འཇོར་གྲོང་ཚོའི་ཉེ་འདབས་ཀྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ད་ལྟ་ད་དུང་ཡང་མེ་ཁ་གསོད་ཐུབ་ཀྱི་མེད་པ་རེད།
དེ་རིང་ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་ཉག་ཆུའི་ནགས་ཚལ་མེ་སྐྱོན་ད་དུང་གསོད་ཐུབ་མེད་ཅིང་། རྒྱ་ནག་གིས་མེ་གསོད་རུ་ཁག་མི་སྣ་ ༧༠༠ ལྷག་མངག་གཏོང་བྱས་ཡོད་ཟེར་བ་ནི་སྐྱག་རྫུན་ཡིན་སྐོར་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་ལ། ཐེངས་འདིར་དཀར་མཛེས་ཁུལ་དུ་མེ་སྐྱོན་བྱུང་རྐྱེན་ཅི་ཡིན་གསལ་ཁ་མེད་པ་དང་། མེ་སྐྱོན་བྱུང་ཡུལ་གྱི་ཉེ་འཁྲིས་སུ་ཐང་འཇོར་གྲོང་ཚོ་དང་བྲག་དཀར་དགོན་ཆགས་ཡོད་ཅིང་། མེ་སྐྱོན་བྱུང་ནས་ཆུ་ཚོད་ ༢༠ རྗེས་ཏེ། ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་གི་མེ་གསོད་རོགས་སྐྱོར་ཡུལ་དངོས་སུ་འབྱོར་ནས་མང་ཚོགས་གནས་སྤོར་དང་མི་མང་ལ་ཤི་རྨས་སོགས་ཀྱི་དོན་རྐྱེན་བྱུང་མེད་སྐོར་རྒྱ་ནག་གིས་བསྒྲགས་འདུག
རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་ཐང་འཇོར་གྲོང་ཚོའི་མེ་སྐྱོན་གསོད་སླད་རོགས་སྐྱོར་མི་སྣ་ ༧༠༠ ལྷག་མངག་གཏོང་བྱས་ཡོད་སྐོར་བསྒྲགས་འདུག་ཀྱང་། ཕྱི་ལོ་ ༢༠༡༧ ལོར་ཉག་ཆུ་ཁ་རྫོང་གི་རྒྱ་ཁྱོན་སྤྱི་ལེ་ ༡༠༠ ཙམ་ལ་མེ་སྐྱོན་ཤོར་ཡང་རྒྱ་ནག་གིས་རོགས་སྐྱོར་བྱས་མེད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མོ་ལྷ་གྲོང་ཚོ་དང་ཉག་ཆུ་རྫོང་གི་དེས་ཚང་གྲོང་ཚོ་གཉིས་བར་གཟའ་འཁོར་གཅིག་ལྷག་རིང་མེ་སྐྱོན་ཤོར་སྐབས་ཀྱང་མེ་གསོད་རུ་ཁག་སོགས་ཀྱི་རོགས་སྐྱོར་བྱས་མེད་ཁར། དེ་ནི་རྒྱ་ནག་གཞུང་གིས་ཆེད་དུ་མེ་བརྒྱབ་པ་ཡིན་པར་ས་གནས་མི་མང་ལ་དོགས་གཞི་བྱུང་ཡོད་པ་རེད།
ཡང་ཕྱི་ལོ་ ༢༠༡༢ ལོར་སྨར་ཁམས་རྫོང་གི་ནགས་ཚལ་ཆེ་ཤོས་ལ་མེ་སྐྱོན་ཤོར་ནས་ཟླ་གཅིག་མ་ཟིན་ཙམ་འགོར་ཡང་རྒྱ་ནག་གཞུང་གིས་སྣང་མེད་དུ་བཞག་སྟབས། ས་གནས་མི་མང་གིས་ཉིན་མཚན་དབྱེ་མེད་ཀྱིས་ཉིན་གྲངས་ཉི་ཤུ་ལྷག་རིང་མེ་གསོད་ཐབས་ཀྱི་ལས་ཀ་བྱེད་དགོས་བྱུང་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།