ཆབ་མདོ་ངག་ཕུན།
ད་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་རྒྱ་དམར་གུང་ཁྲན་གྱིས་དྲག་པོའི་བཙན་འཛུལ་བྱས་ཏེ་མི་ལོ་དོན་བཞི་ཙམ་འགྲོ་བཞིན་ཡོད་ཅིང་། མི་ལོ་དེ་དག་ནང་དུ་གཞིས་ལུས་བོད་མི་རྣམས་སེམས་ནང་རང་དབང་སྤུ་ཙམ་མེད་པས་དཀའ་སྡུག་ཚད་མེད་འཕྲད་དང་ཕྲད་བཞིན་ཡོད། རྒྱ་དམར་གུང་ཁྲན་ཏང་གིས་བོད་མི་རིགས་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུར་དམིགས་ཡུལ་ངན་པ་འཛིན་ནས་གདུག་རྩུབ་ཅན་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད། འོན་ཀྱང་གཞིས་བཞུགས་སྤུན་ཟླའི་སྙིང་སྟོབས་ཞུམ་མེད་ཀྱིས་དཀའ་སྡུག་ཁག་ལ་གདོང་ལེན་གནང་སྟེ་གཅེས་པའི་ལུས་སྲོག་ཚུན་ཆད་ཞི་བའི་ཐོག་ནས་བློས་བཏང་གནང་དང་གནང་བཞིན་ཡོད།
ལྷག་པར་རྒྱ་གཞུང་གིས་རྟག་ཏུ་བོད་མི་རིགས་ལསྔོན་དང་མ་འདྲ་བ་བདེ་སྐྱིད་ཡོད་ཚུལ་འཛམ་གླིང་གི་ས་ཕྱོགས་གང་སར་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འུར་སྒྲོག་བྱེད་བཞིན་ཡོད། བོད་མི་རིགས་ཀྱི་སེམས་ཁམས་སུ་དེ་འདྲའི་བདེ་སྐྱིད་ཞིག་ཡོད་ན་གཅེས་པའི་རང་སྲོག་བློས་བཏང་གནང་སྲིད་ཀྱི་རེད་དམ། གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་ལུས་སེམས་ལ་དཀའ་སྡུག་སྣ་ཚོགས་ཤིག་ཡོད་པའི་དབང་གིས་གཅེས་པའི་ལུས་སྲོག་གཞན་ལ་གནོད་འཚེ་མེད་པ་ཞི་བའི་ཐོག་ནས་བློས་བཏང་གནང་གི་ཡོད། དེ་དག་རྒྱ་གཞུང་གི་དཔོན་རིགས་ཚོས་ངེས་པར་ཤེས་དགོས་པ་ཞིག་རེད། ད་ལྟ་དབར་དུ་བོད་མི་ཚོས་འཚེ་བའི་ལམ་དུ་ཞུགས་ཀྱི་མེད་པ་དེ་ནི་བོད་མི་རིགས་ལ་སྙིང་སྟོབས་མེད་པ་ཞིག་མ་རེད་ལ། འཚེ་བའི་ལས་བྱེད་མི་ནུས་པའི་མི་རིགས་ཤིག་དེ་ལས་ཀྱང་མ་རེད། བོད་མི་ཚོས་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་རྒྱལ་བ་རིན་པོ་ཆེ་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་འཚེ་བའི་ལམ་དུ་ཞུགས་ཀྱི་མེད་པ། དེ་དག་རྒྱ་གཞུང་གི་དཔོན་རིགས་ཚོས་ངེས་པར་མཁྱེན་དགོས་པའི་གནད་དོན་ཞིག་རེད། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་བོད་ཀྱི་དཀའ་ངལ་དེ་དག་ངེས་པར་སེལ་ཐབས་བྱ་དགོས་ཤིང་། བོད་ཀྱི་དཀའ་ངལ་སེལ་ཐབས་མ་བྱས་ད་དུང་མུ་མཐུད་དེ་ཀླད་རྙིང་མཁྲེགས་ཀྱི་ལྟ་བ་བཟུང་ནས་བསྡད་ཚེ། མཐའ་མཇུག་གི་གྲུབ་འབྲས་ངན་པ་ཇི་བྱུང་འགན་ཡོངས་རྫོགས་རྒྱ་གཞུང་གི་འཁྱེར་དགོས་པ་ཞིག་རེད།
དེ་ནི་ང་ཚོའི་གཅེས་པའི་ཕ་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ལོ་དོན་ལྔ་ཙམ་འགྲོ་བཞིན་ཡོད། རྒྱ་གཞུང་གིས་ཐབས་ལམ་སྣ་ཚོགས་ཤིག་བེད་སྤྱད་དེ་བོད་མི་རིགས་དང་རིག་གཞུང་བཅས་པ་ས་གོ་ལོའི་ཐོག་ཏུ་རྩ་མེད་བཟོ་རྒྱུ་དམིགས་ཡུལ་ངན་པ་འཛིན་ནས་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ལས་གདུག་རྩུབ་ཅན་སྤེལ་ནས་བོད་ཁམས་ཡོངས་རྫོགས་དམྱལ་ཁམས་མི་ཡུལ་དུ་མྱོང་བ་ལྟ་བུའི་སྡུག་བསྔལ་མནར་གཅོད་ཁྲག་གི་འབབ་རྒྱུན་དུས་ད་ལྟ་ཡང་ཆད་མེད་མྱོང་བཞིན་ཡོད། བོད་ཀྱི་གནའ་བོ་མེས་དབོན་ཚོས་ངལ་བ་ཁྱད་དུ་བསད་ནས་གསར་བཏོད་གནང་བའི་སྐུ་གསུང་ཐུགས་རྟེན་དུག་རྩྭ་ལ་བརྩིས་ནས་ཆུ་ལ་བསྐུར་བ་དང་། མེར་བསྲེགས་པ། ལུད་་ལ་སྦྱར་བ་སོགས་བསམ་ཡུལ་ལས་འདས་པས་ལས་འགུལ་སྣ་ཚོགས་སྤེལ་ཡོད་ལ། དེ་ཡང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “སྐུ་གསུང་ཐུགས་རྟེན་གྲངས་མེད་མེར་བསྲེགས་པ་དང་། ཆུར་བསྐྱུར། ས་ལ་དབྱུགས་ནས་གཏོར་བཤིག་དང་བཞུ་སྦྱངས་སོགས་ཡོད།” ཅེས་སྐུ་སྲོག་ལ་མ་འཛེམས་པ་དམར་གཞུང་གི་དངོས་ཡོད་གདོང་རིས་ངོ་མ་དེ་ཕྱིར་བཏོན་མཛད་ཡོད།
དེ་བཞིན་བོད་ཀྱི་རིག་གནས་ཆེས་རྗེས་ལུས་དང་། རྨོངས་དད་དང་། བསམ་བློ་རྙིང་པ་ཡིན་རབས་སོགས་བརྗོད་ནས་བོད་ཀྱི་བརྡ་རིག་པའི་གཞུང་ལུགས་དང་ཁྱོན་ནས་མ་མཐུན་པ་བཙན་བསྒྱུར་བྱས་ཡོད་པ་རེད། བོད་ཀྱི་མེས་དབོན་གོང་མ་ཚོས་ངལ་བ་ཁྱད་དུ་བསད་ནས་ཤེས་རིག་བསྐྲུན་པ་དེ་དག་དང་ཁྱོན་ནས་མི་མཐུན་པ་བཟོས་ཡོད། དེ་ཡང་ཀུན་གཟིགས་པཎ་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ། རྒྱུ་མཚན་མེད་པར་ཨ་སྐྱེས་སེང་གེར་རློམས་མཁན་གྱིས་རང་འདོད་ལྟར་རྩེད་མོ་རྩེས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད།” ཅེས་གསུངས་དོན་ལྟར་བོད་ཀྱི་ཤེས་རིག་མེད་པ་བཟོ་རྒྱུ་ལས་འགུལ་ཐབས་སྡུག་ག་འདྲ་སྤེལ་ཡོད་པ་གསལ་སྟོན་མཛད་ཡོད། དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་ཤེས་རིག་ཡར་རྒྱས་གོང་འཕེལ་ཕྱིན་ཡོད་པ་དང་། བོད་མི་རྣམས་ཡིག་རྨོངས་ལས་སེལ་ཐུབ་པ་བྱུང་ཡོད་ཚུལ་འུར་སྒྲོག་བྱེད་ཀྱི་ཡོད་མོད། དོན་ངོ་མ་རྒྱ་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་རྒྱུ་དམིགས་ཡུལ་ལས་ཡར་རྒྱས་གཏོང་རྒྱུ་དམིགས་ཡུལ་མེད་པ་གོང་གི་བསྡོམས་ཚིག་དེ་དག་ལས་རྟོགས་ཐུབ་པ་ཞིག་ཀྱང་རེད། ལུས་སྲོག་ལ་མ་འཛེམས་པ་གཞིས་བཞུགས་ཤེས་ལྡན་པ་ཚོས་ནུས་ཤུགས་གཅིག་ཏུ་སྤུངས་ནས་བོད་ཀྱི་ཤེས་རིག་མི་ཉམས་གོང་འཕེལ་ཡོང་བར་འབད་བརྩོན་ལྷོད་མེད་གནང་དང་གནང་བཞིན་ཡོད་མོད། དེ་དག་ལ་རྒྱ་གཞུང་གིས་ཉེས་མིང་སྣ་ཚོགས་ཤིག་འདོགས་ནས་བཅོན་དུ་བཅུག་པ་སོགས་མེད་པ་བཟོས་དང་བཟོ་བཞིན་ཡོད་པ་རེད།
ལྷག་པར་དམངས་གཙོ་བཅོས་བསྒྱུར་དུས་སྐབས་སུ་བོད་མི་ནང་ཁུལ་ལ་གྲལ་རིམ་གྱི་དབྱེ་འབྱེད་ཕྱེས་ཏེ། མངའ་བདག་དང་། ཕྱུག་པོ་སོགས་ལ་ཞྭ་མོ་ནག་པོ་གཡོགས་ཏེ་ཧུར་བརྩོན་པ་ཚོ་ལ་འཐབ་འཛིང་བཏང་བཅུག་གི་ཡོད་པ་དང་། མི་མང་རྣམས་ཉིན་མོ་ངལ་རྩོལ་བྱེད་དགོས་པ་དང་། དགོང་མོ་ལས་མཚམས་གྲོལ་རྗེས་མི་མང་རྣམས་འདུ་ཚོགས་འཚོགས་ནས་མའོ་རྩེ་ཏུང་གི་གསུང་རྩོམ་ཚན་པ་འགའ་མི་འདོད་བཞིན་དུ་དགོང་ལྟར་བློ་ལ་སྐྱོར་ཐུབ་པ་བྱེད་དགོས་ཀྱི་ཡོད། སྐྱོར་མ་ཐུབ་ཚེ་ངལ་རྩོལ་གྱི་སྐར་གྲངས་གཅོག་འཐེན་བྱེད་པ་ཙམ་དུ་མ་ཟད། མང་ཚོགས་དཀྱིལ་ལ་ཁ་རྡུང་གཏོང་བ་མ་ཟད་སྐབས་རེ་འཐབ་འཛིན་ཡང་རག་གི་ཡོད། དེ་བཞིན་མའོ་རྩེ་ཏུང་གི་གསུང་རྩོམ་དེ་དག་ཉར་ཚགས་ཡག་པོ་མ་བྱས་ཚེ་དེར་ངན་ཁག་འདྲ་མིན་གཡོག་ནས་འཐབ་འཛིང་ཡང་རག་གི་ཡོད།
བོད་རྙིང་པའི་སྤྱི་ཚོགས་སྡུག་རབས་དང་། ཆེས་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཡིན་ཚུལ་སོགས་དེ་འདྲའི་མང་ཚོགས་རྣམས་ལ་སློབ་གསོ་བཙན་གྱིས་སྤྱོད་ཀྱི་ཡོད། མང་ཚོགས་ཉན་འདོད་མེད་ནའང་བཙན་དབང་གི་ཐོག་ནས་ཉན་དགོས་ཐུག་གི་ཡོད་ལ། དམངས་གཙོ་བཅོས་སྒྱུར་སྐབས་སུ་ཟ་འབྲུ་ཤིན་ཏུ་དཀོན་པོ་གྱུར་ནས་ལྟོགས་ཤི་ཐེབས་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། དེ་ཡང་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “དེ་སྔའི་བོད་ལྗོངས་ནི་མུན་ནག་དང་ཀླ་ཀློའི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྱི་སྤྱི་ཚོགས་ཤིག་ཡིན་ནའང་འབྲུ་རིགས་དེ་ལྟར་དཀོན་པོ་མེད། ལྷག་པར་དུ་ནང་ཆོས་སྤེལ་ཡུལ་ཤིན་ཏུ་རྒྱ་ཆེ་སྟབས། མི་མཆོག་དམན་སུ་ཡིན་རུང་ཚང་མར་དབུལ་ཕོངས་ལ་སྦྱིན་གཏོང་གི་གོམས་གཤིས་བཟང་པོ་ཡོད་ཅིང་སློང་མི་བརྒྱབ་ནའང་འཚོ་ཐབས་འཁྱོངས་ངེས་ཡིན་པ་དང་། ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡོང་མི་སྲིད། ང་ཚོས་ཀྱང་མི་ལ་ལྟོགས་ཤི་ཐེབས་པའི་གནས་ཚུལ་ཁྱོན་ནས་གོ་མྱོང་མེད།” ཅེས་གསུང་དོན་ལྟར་བོད་མི་རིགས་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད། གཞུང་གིས་འཇམ་རྩུབ་གཉིས་ཀྱི་སྲིད་ཇུས་འོག་ནས་གཞིས་བཞུགས་སྤུན་ཟླ་རྣམས་བློ་འགུག་ཐབས་རིམ་པ་བྱས་རུང་གཞིས་ལུས་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་དཀའ་སྡུག་ཁག་ལ་གདོང་ལེན་གནང་བ་བརྟེན། བོད་མི་རིགས་འདི་ཉིད་མ་ཤི་བ་གསོན་པོར་གནས་ཐུབ་པ་བྱུང་ཡོད།
རིམ་གྱིས་འཛམ་གླིང་གི་ཆབ་སྲིད་ལ་འཕོ་འགྱུར་བྱུང་བ་དང་བསྟུན། བཙན་བྱོལ་བོད་མིའི་སྐུ་ཚབ་བོད་ནང་དུ་གཟིགས་སྐོར་དུ་ཕེབས་པ་རེད། སྐབས་དེར་ལྷ་སའི་ནང་ས་གནས་ལས་བྱེད་པས་གྲོང་ཚོ་ཁག་ཚོ་ཁག་ཚོགས་འདུར་བསྐོངས་ཏེ། “སྐུ་ཚབ་རྣམ་པར་རྡོ་བཞུ་བའམ་ཁ་ལུད་འཕེན་མི་ཆོག་པའི་ཉེན་བརྡ་ཡང་བཏང་”ཞེས་བརྗོད་སྐད། དེ་ལས་ལྡོག་སྟེ་བོད་མི་གསར་བརྗེ་བ་ཞིག་ཅེས་པའི་ལོ་རྒྱུས་ལས། “ད་ཆ་སྐུ་ཚབ་རྣམ་པ་གཡུལ་ལས་ལོག་ཡོང་བའི་དཔའ་བོ་ལྟ་བུར་བརྩིས་ཏེ་དགའ་བསུ་ཞུས་པ་རེད།” ཅེས་གསལ་དོན་ལྟར། དམར་གཞུང་གིས་ལོ་ངོ་དེ་དག་ནང་དུ་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་ཐུབ་ཚོད་ག་ཚོད་གཅིག་བཏང་ཡོད་པ་བོད་མི་ཚོས་རྣམ་འགྱུར་ལས་མཚོན་ཐུབ་པ་བྱས་ཡོད། རྒྱ་གཞུང་གི་བོད་ས་ཡོངས་རྫོགས་སའི་གོ་ལོའི་ཐོག་ཏུ་མེད་པ་བཟོ་བསམ་རེ་སྟོང་ཞིག་ཏུ་གྱུར་བ་རེད།
མཐར་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་ས་ལ་གཞིས་ལུས་བོད་མི་ཁྲི་ཕྲག་དུ་མ་ཞིག་གིས་རྒྱ་དམར་གྱི་དབང་སྒྱུར་དང་། གཉའ་གནོན་མ་བཟོད་པར་ཚང་མས་རང་སྲོག་བློས་བཏང་གིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཏེ། “བོད་རང་བཙན་གཙང་མ་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག །རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག །བོད་ཀྱི་བདག་པོ་བོད་མི་ཡིན།” ཞེས་ཞི་བའི་སྐད་འབོད་གནང་ཡོད། དེར་དྲག་པོའི་མཚོན་ཆས་སྤྲས་པའི་རྒྱ་དམར་གྱི་དམག་དཔུང་གིས་མངོན་སུམ་འཛེམས་ཀྱིས་མང་ཚོགས་ཁྲོད་དུ་མེ་མདའ་བརྒྱབ་སྟེ། རང་རེའི་སྤུན་ཟླ་དུ་མ་ཞིག་གི་སྐུ་སྲོག་འཕྲོག་ཡོད་ལ། འགའ་ཤས་བཙོན་འཇུག་བྱས་ཏེ་བསམ་ལས་འདས་པ་རྡུག་སྦྱོང་གནར་གཅོད་བཏང་ནས་སྐུ་སྲོག་འཕྲོག་ཡོད། འགའ་ཤས་རིགས་འཚོ་མ་ཟིན་པ་བཟོ་ཡོད། ད་དུང་རྒྱ་དམར་སྲིད་གཞུང་གི་ཁ་ནས་ག་དུས་ཡིན་ན་སྤུན་ཟླ་ཡིན་ཚུལ་ཕྱི་ཚུལ་ལ་སྒྲོག་བཞིན་ཡོད་མོད། དོན་ངོ་མ་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་དགྲ་བོ་ངོ་མ་ཞིག་ཏུ་ངོས་འཛིན་ཏེ་གནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་དེ་རེད། སྐབས་དེ་དུས་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཁོང་རྣམ་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།
དེ་ནས་རིམ་གྱིས་རྒྱ་གཞུང་ཕྱི་ལོ་ ༢༠༠༠ ལོར་ནས་བཟུང་སྟེ་བོད་ནང་དུ་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་ཞེས་ཁ་དབྱངས་སྙན་པོ་སྒྲོག་སྟེ་བོད་མི་རྣམས་དཔལ་འབྱོར་གྱི་བསླུ་ཁྲིད་འོག་བསླུ་ཐབས་ཀྱིས་སྟོང་བསམ་འཆང་ཡང་གྲུབ་འབྲས་ཅི་ཡང་མ་སོན་པའི་མཐར། ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡༠ ཉིན་མོར་རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ནས་འཇིམས་ཞུམ་སྤུ་ཙམ་མེད་པའི་མི་མང་འཛོམས་པའི་དབུས་སུ་མ་སྐུལ་དང་བླངས་ཀྱི་ཐོག་ནས་ལངས་ཏེ། ༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག །བོད་ལ་གང་མགྱོགས་ཆིབས་བསྒྱུར་གནང་དགོས། པཎ་ཆེན་ཆུང་སྲིད་རིན་པོ་གློད་བཀྲོལ་ཐོངས་”སོགས་སྐད་འབོད་སྒྲོག་ནས་བོད་ཁམས་ཡོངས་སུ་ཁྱབ་པ་བྱས་ཡོད།
དེ་ནས་རིམ་པས་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་མོ་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱི་མ་སྐུལ་དང་བླངས་ཀྱི་གཞི་རྒྱ་ཆེ་བའི་ཞི་བའི་གྱེན་ལངས་ཆེན་མོ་དེ་ཉིད་བྱུང་བ་རེད། གནས་ཚུལ་དེ་དག་ནུས་མེད་བཟོ་ཐབས་རྒྱ་གཞུང་གི་ངན་ཁག་སྣ་ཚོགས་གཡོག་ཐབས་བྱས་ཡོད་ལ། རྒྱ་གཞུང་གི་དྲག་ཆས་སྤྲས་པའི་རྒྱ་དམག་གི་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་རང་རེའི་རྒྱལ་གཅེས་པ་དུ་མ་ཞིག་གི་གཅེས་པའི་ཚེ་སྲོག་འཕྲོག་ཡོད། གང་བསྟར་རྒྱ་གཞུང་གི་མི་ལོ་དོན་གྲངས་ལྷག་ཙམ་རིང་ལ་བོད་མི་རིགས་ལ་འཇམ་རྩུབ་ཀྱིས་བློ་ཁ་བཀུགས་ཐབས་ཀྱིས་ཐབས་ལམ་སྣ་ཚོགས་བྱས་ཡོད། རྒྱ་གཞུང་གཡོ་སྒར་ག་ཚད་འཁྲབ་རུང་གཞིས་ལུས་སྤུན་ཟླ་སུ་ཞིག་རྒྱ་གཞུང་གཡོ་འོག་ཏུ་མ་ཚུད་པ་གཞིས་ལུས་སྤུན་ཟླ་རྣམས་སྙིང་སྟོབས་ཞུམ་པ་མེད་པའི་བོད་མི་རིགས་བདེན་དོན་ཞི་བའི་ཐོག་ནས་རྩོད་ལེན་གནང་དང་གནང་ཡོད་པ་དེ་རེད། དེ་བཞིན་བོད་ནང་དུ་རྒྱ་གཞུང་གིས་བཙན་གནོན་དང་མནར་གཅོད་སོགས་ཚད་ལས་འདས་པ་བཏང་གི་ཡོད་པའི་དབང་གིས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ནས་བཟུང་ད་ལྟ་བར་དུ་མི་གྲངས་བརྒྱ་དང་ང་བདུན་ལྷག་ཙམ་སྐུ་ལུས་མཆོད་མེར་སྒྲོན་ཡོད། དེ་དག་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་དུ་ཆབ་སྲིད་ནག་པོ་འོག་གི་དཀའ་སྡུག་མ་བཟོད་ནས་སྐུ་ལུས་མཆོད་མེ་སྒྲོན་པ་ཞིག་ཡིན། རྒྱ་ནག་གི་བོད་ནང་བདེ་སྐྱིད་ཡོད་ཚུལ་འུར་སྒྲོག་བྱས་དང་བྱེད་བཞིན་ཡོད་མོད། དོན་ངོ་མ་དེ་འདྲ་ཞིག་རྩ་བ་རང་ནས་མེད། གལ་སྲིད་བོད་ནང་གི་རྒྱ་ཆེ་མང་ཚོགས་ཀྱི་ལུས་སེམས་ལ་བདེ་སྐྱིད་ཡོད་ན་གཅེས་པའི་རང་སྲོག་ནམ་ཡང་བཅད་མི་སྲིད་པ་ཞིག་རེད།
ལྷག་དོན་རྒྱ་གཞུང་གིས་བོད་བཙན་འཕྲོག་བྱས་ནས་བཟུང་སྟེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད་པ་ནི། དཔེར་ན། བོད་ཀྱི་ནགས་ཚལ་ལ་གང་བྱུང་གིས་གཅོད་འབྲེག་དང་། རྩ་ཆེའི་སྨན་རྩྭ་འབོར་ཆེན་བསྔོགས་འདོན་ཚད་མེད་ཀྱིས་རྒྱ་ནག་ཏུ་འུར་འདྲེན་བྱས་པ། རྒྱ་ཆེ་བའི་རྩྭ་ཐང་ལ་གནོད་སྐྱོན་བཏང་བས་རྩྭ་ཐང་མི་ཉུང་བ་ཞིག་རྩྭ་གཏོར་སོང་ཞིང་། རིན་ཆེན་གྱི་གཏེར་ཁ་ཁག་བསྔོག་འདོན་བཅས་ཏེ་རྒྱ་ནག་ཏུ་འུར་འདྲེན་བྱས་དང་བྱེད་བཞིན་ཡོད། བོད་ཀྱི་རྩ་ཆེ་རི་དགས་རྣམས་གང་བྱུང་གིས་བསད་ནས་པགས་པ་དང་། ཁུ་ལུ། གླ་རྩི། ཁྲག་རྭ། དོམ་མཁྲིས་སོགས་བཅོམ་འཁྱེར་བྱེད་བཞིན་ཡོད། བོད་ཡུལ་འདི་ཉིད་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་སྤུངས་སའི་གནས་གཞི་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད་པ་རེད། བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་དེང་སྐབས་རྒྱ་གཞུང་གི་ཡར་རྒྱས་ལ་ཁ་གཡར་ནས་རྒྱ་ཡུལ་ལ་བསྒྱུར་དང་སྒྱུར་བཞིན་ཡོད་པའི་ཧ་ཅང་གི་ཛ་དྲག་གི་གནས་འབབ་ཞིག་ཏུ་འགྱུར་ཡོད།
ད་ནི་ང་ཚོའི་གནད་དོན་དེ་དག་སེམས་ནང་བཞག་པའི་ཐོག་ནས་བོད་དོན་གྱི་ལས་འགུལ་སྔ་ལྷག་ནུས་ཤུགས་ཆེ་བ་སྤེལ་དགོས་པའི་དུས་སྐབས་ཤིག་ཏུ་སླེབས་འདུག་སྙམ། ད་ནི་ང་ཚོ་ནང་ཁུལ་ལ་ང་དང་ཁྱེད་ཅེས་སེམས་ཚོར་ཆེན་པོའི་རྩོད་གླེང་བྱེད་པའི་དུས་སྐབས་ཤིག་དེ་ལས་ཀྱང་མ་རེད་སྙམ། ང་ཚོ་ཚང་མས་ནུས་པ་གཅིག་ཏུ་སྤུངས་ཏེ་ང་ཚོ་ཁ་གཏད་ངོ་མ་དེ་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་ཡིན་པས། དེ་ལ་ང་ཚོ་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་ཁ་གཏད་གཅོག་དགོས།
ངས་དེ་འདྲའི་ལབ་དུས་ནུས་པ་གཅིག་ཏུ་སྤུངས་ཀྱི་མི་འདུག་ཟེར་གྱི་ཡོད་པའི་དགོངས་པ་་འཁོར་སྲིད་ཀྱང་དེ་འདྲ་ཞིག་ལབ་ཀྱི་མེད། སྐབས་རེ་ང་ཚོ་དེ་འདྲ་ཡོང་མི་སྲིད་པ་ཞིག་མིན་དུས། ཆུ་མ་ཡོང་གོང་ནས་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ་ཞེས་པའི་དཔེ་ལྟར་ཡིད་གཟབ་གནང་དགོས་པ་དེ་ཡང་གལ་ཆེའི་གནད་དོན་ཞིག་ཀྱང་རེད་སྙམ། ང་ཚོ་ཚང་མས་ཁ་ཕར་རྒྱ་གཞུང་ལ་གཏད་ནས་རྩོད་གླེང་བྱ་དགོས་པ་ཞིག་ལས་ནང་ཁུལ་དུ་ཁ་ཚུར་སྐོར་ནས་གླེང་གནང་བསྡད་ན་དེ་ནི་ཕན་མི་ཐོགས་པ་ཙམ་དུ་མ་ཟད། ང་ཚོའི་ནང་ཁུལ་གྱི་ཆིག་བསྒྲིལ་ནུས་སྟོབས་ལ་གནོད་པ་ལས་ཕན་ཐོགས་ཤིག་ཡོང་གི་མི་འདུག་སྙམ། ད་ནི་ལས་ཀྱི་སྣེ་མོ་བ་ཚོས་གནས་སྐབས་བསམ་བློ་མ་ཡིན་པ་ཕུག་རྒྱངས་རིང་ཙམ་དགོངས་པ་བཞེས་ནས་སྔ་ལྷག་བོད་དོན་ལས་འགུལ་ནུས་ཤུགས་ཆེ་བ་སྤེལ་དགོས་པ་ཞིག་ཏུ་འདོད་ལ། དེ་བཞིན་དེང་སྐབས་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་འགྲོས་དང་བསྟུན་ནས་ལས་འགུལ་རྒྱུན་ཆད་མེད་པ་སྤེལ་དགོས་པ་ཞིག་ཏུ་མཐོང་། དེ་དག་ནི་བདག་གིས་ཞོར་འཕྲོས་ཙམ་ཡིན་པ་བཅས། མཐའ་དོན་བོད་རིགས་ལ་བཀའ་དྲིན་ཆེ་བའི་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པར་སྨོན།
སྨྲས་པ།
གངས་ལྗོངས་ཆོས་ལྡན་གནས་མཆོག།།བཙན་རྒྱལ་དམར་པོའི་འཕྲོག་སོང་།།
ལྷ་ཡུལ་ལྟ་བུའི་གནས་མཆོག །སྲིན་ཡུལ་ལྟ་བུར་སྒྱུར་སོང་།།
མེས་དབོན་གོང་མས་མཛད་པའི། །རིན་བྲལ་སྐུ་གསུང་ཐུགས་རྟེན།།
ལྷ་འདྲེ་གདོན་གེགས་བརྩིས་ཏེ། །གཏོར་བཤིག་ཚད་མེད་གཏོང་སོང་།།
ཉེས་མེད་གངས་ལྗོངས་མི་དམངས།། མནར་གཅོད་ཚད་མེད་བཏང་ནས།།
མི་ཡུུལ་དམྱལ་བ་ལྟ་བུ། །དཀའ་སྡུག་ཚད་མེད་མྱང་སོང་།།
གངས་ལྗོངས་སྐྱོང་བའི་ལྷ་ཚོགས།། གྲོགས་དང་འཕྲིན་ལས་མཛད་ནས།།
གནས་མཆོག་གངས་ལྗོངས་ཞིང་ཁམས།། མགྱོགས་མྱུར་རང་དབང་ཐུབ་མཛོད།