བོད་རྨ་ཆུའི་རྟ་རྒྱུག་སྐབས་བཅུ་བཞི་པའི་སྟེང་རྨིད་ ༡༠༠༠༠ ཅན་གྱི་རྒྱུག་འགྲན་ནང་རྟ་རྒྱུད་གཞན་རྣམས་མ་ཚུད་པའི་རྩོད་རྙོག་བྱུང་སྐབས་རྒྱ་གཞུང་ཉེན་རྟོག་པས་བོད་མི་ ༡༠༠ ཡས་མས་ཤིག་ལ་ཉེས་རྡུང་བཏང་ནས་བཙན་འཁྲིད་བྱས་ཡོད་ཀྱང་ཕྱིས་སུ་བཅུ་གྲངས་ཤིག་མ་གཏོགས་གཞན་རྣམས་ཀློད་གྲོལ་བཏང་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པར་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་ཡོད་པའི་རྨ་ཆུ་རྫོང་གི་གེ་སར་རྟ་རྒྱུག་འགྲན་བསྡུར་སྐབས་བཅུ་བཞི་པ་ཟླ་འདིའི་ཕྱི་ཚེས་ ༡༠ ནས་མགོ་འཛུགས་བྱས་ཡོད་པ་དང་། འགྲན་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ནས་རྒྱུག་རྟ་མང་པོ་མཉམ་ཞུགས་བྱས་ཡོད་འདུག་ལ། རྨིད་ ༡༠༠༠༠ ཅན་གྱི་རྒྱུག་འགྲན་ནང་བོད་རྟ་མ་ཡིན་པ་རྣམས་ཚུད་མེད་པར་བརྟེན། རྟ་རྒྱུག་གོ་སྒྲིག་པ་དང་རྟ་བདག་བར་རྩོད་རྙོག་བྱུང་ཡོད་པ་དང་། རྨ་ཆུ་རྫོང་གི་རྫོང་དཔོན་གཞོན་པ་སོགས་ཡོང་ནས་ཁ་ཏ་སློབ་གསོ་བྱས་ཡོད་ཀྱང་ཕན་ཐོགས་མ་བྱུང་བར་མི་ཁག་ཅིག་གིས་རྒྱུག་ལམ་བཀག་པ་སོགས་ཀྱི་དཀའ་རྙོག་བྱུང་བར་བརྟེན། ཉེན་རྟོག་པ་དང་དམག་མིས་རྟ་བདག་སོགས་ལ་གཅར་རྡུང་བཏང་བ་དང་། དམག་ཁྱི་བཏང་ནས་རྨུག་བཅུག་པ། མིག་ནང་དུག་ཆུ་གཏོར་བ་སོགས་བྱས་རྗེས། མི་གྲངས་ ༡༠༠ ཡས་མས་ཤིག་བཙན་འཁྲིད་བྱས་ཡོད་འདུག ཡིན་ནའང་། ཕྱིས་སུ་མི་ ༡༠ གྲངས་ཤིག་མ་གཏོགས་གཞན་ཚང་མ་ཀློད་གྲོལ་བཏང་ཡོད་འདུག
དེ་འབྲེལ་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས། གཡུ་འབྲུག་ཐོག་མདའ་ཞེས་པའི་རྟ་ཞིག་གིས་དེ་སྔ་གེ་སར་རྟ་རྒྱུག་སྐབས་བྱ་དགའ་རིམ་པ་འགའ་བླངས་མྱོང་བ་རེད། དེ་རིང་བསྐྱར་དུ་གཡུ་འབྲུག་ཐོག་མདའ་འགྲན་རྒྱུག་ནང་ཞུགས་རྩིས་བྱེད་སྐབས། རྟ་བདག་འགས་གཡུ་འབྲུག་ཐོག་མདས་ཐེངས་འདིར་ཨང་དང་པོ་ལེན་སྲིད་པ་དང་རྒྱ་རྟ་ཡིན་པ་སོགས་ཀྱི་རྒྱུ་མཚན་གྱིས་རྟ་རྒྱུག་ནང་ཞུགས་མ་བཅུག་སྟབས། རྟ་བདག་འགའི་བར་རྩོད་རྙོག་གི་དོན་རྐྱེན་དེ་བྱུང་བ་རེད། ཅེས་བརྗོད་བྱུང་།
གོང་བརྗོད་གནས་ཚུལ་མཁོ་སྤྲོད་པས། སྐབས་དེར་ཡུལ་དངོས་ཏག་ཏག་ནས་ཉེན་རྟོག་པས་རྟ་བདག་དང་འབྲེལ་འགྲན་རྒྱུག་བྱེད་མཁན་ཁག་ཅིག་ལ་རུབ་རྡུང་བཏང་སོང་བ་མ་ཟད། མི་འགའ་ཤས་ཤིག་བཙན་གྱིས་འཛིན་བཟུང་བྱས་ནས་བུད་སོང་། ཞེས་དང་། ཉེན་རྟོག་པས་ཡུལ་དངོས་ནས་བོད་མི་རྣམས་ལ་བརྡུངས་བ་དེ་ནི་ཐད་ཀར་དེར་འཛོམས་པའི་བོད་མི་བྱིངས་ལ་སྡིགས་ར་སྐུལ་ཆེད་ཡིན་སྐོར་སོགས་བརྗོད་བྱུང་།
ཡང་ཕྱི་ཕྱོགས་སུ་གནས་སྡོད་བྱེད་མཁན་བོད་མི་ཞིག་གིས། ད་ལན་གཡུ་འབྲུག་ཐོག་མདའ་ཟེར་བའི་རྟ་ཞིག་རྒྱ་རྟ་རེད་ཟེར་ནས་འགྲན་རྒྱུད་བྱེད་དུ་བཅུག་མི་འདུག སྔོན་མ་ཡིན་ན་མནའ་སྐྱེལ་ནས་རྒྱ་རྟ་མིན་པའི་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་དེང་སྐབས་རྟ་རྒྱུག་མཐུན་ཚོགས་ཀྱི་ཐག་གཅོད་བཞིན་འགྲོ་ཡི་ཡོད་སྟབས། རྒྱུད་པ་འདྲེས་མའི་རྟའི་རིགས་དང་འབྲེལ་ནས་རྙོག་དྲ་མང་པོ་ཞིག་འབྱུང་གི་འདུག ཅེས་བརྗོད་བྱུང་།
ཡང་བོད་མི་ཞིག་གིས་རྟ་རྒྱུག་སྐབས་རྙོག་དྲ་བྱུང་བའི་བརྙན་ཞིག་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་བྱས་འདུག་པ་དང་། བརྙན་གྱི་འོག་ཏུ་མཆན་འབྲི་མཁན་མང་བ་མ་ཟད། བསམ་ཚུལ་ཡང་མི་མཐུན་པ་མང་པོ་ཞིག་སྤེལ་འདུག་ལ། བོད་མི་འགས་རྩོད་རྙོག་བྱུང་བའི་ཐད་དམིགས་བསལ་བསམ་འཆར་མེད་ཀྱང་། རྒྱའི་དམག་མི་ཚོས་བོད་མི་རྣམས་ལ་མང་ཚོགས་ཁྲོད་ནས་གདུག་རྩུབ་བཀོལ་ཏེ་བཙན་འཁྲིད་བྱེད་བཞིན་པ་ནི་ལས་སྟངས་ཧ་ཅང་ཐབས་རྡུགས་ཡིན་པས། གོང་རིམ་མགོ་ཁྲིད་ཚོས་དོན་དག་དེ་གསལ་བོ་བཟོས་ན་ཡག་པོ་ཡོད་ཚུལ་སོགས་ཀྱི་མཆན་བཀོད་འདུག ཡང་ཡིག་ཐོག་ནས་རྩོམ་བྲིས་ནས་རྟ་རྒྱུག་གོ་སྒྲིག་པ་སོགས་ལ་སྐྱོན་བརྗོད་བྱེད་མཁན་ཡང་འདུག
རྨ་ཆུའི་རྟ་རྒྱུག་གི་འགྲན་རིམ་ནང་རྨིད་ ༢༠༠༠ དང་ ༦༠༠༠ ཅན། རྨིད་ ༡༠༠༠༠ ཅན་སོགས་ཡོད་འདུག་ལ། རྨིད་ ༢༠༠༠ དང་ ༦༠༠༠ ནང་རྟ་རྒྱུད་གང་ཡིན་ནའང་ཞུགས་ཆོག་གི་ཡོད་ཀྱང་། རྨིད་ ༡༠༠༠༠ ཅན་ནང་བོད་རྟའམ་འབྲོག་རྟ་མ་གཏོགས་ཞུགས་ཆོག་གི་མེད་པར་བརྟེན། ད་ལན་གྱི་རྨིད་ ༡༠༠༠༠ ཅན་གྱི་རྒྱུག་འགྲན་ནང་རྒྱ་རྟ་སོགས་རྟ་རྒྱུད་གཞན་པ་མང་པོ་ཞིག་ཞུགས་ཏུ་བཅུག་མི་འདུག་ལ། དེའི་ཐད་སྔར་ནས་དཀའ་རྙོག་ཡོང་གི་ཡོད་འདུག
གསར་འགོད་པ་སུ་རེད། གནས་ཚུལ་ཁུངས་དག་ཡིན་ནམ། འདི་རྗུན་སྤེལ་ས་མིན་བསམ་བཞིན་ཡོད།