ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (United States Commission on International Religious Freedom) ཀྱིས་བལ་ཡུལ་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཀྱི་སྐོར་ལ་ཤོག་གྲངས་ ༥ ཡོད་པའི་སྙན་ཐོ་ཞིག་བཏོན་འདུག
ད་ལན་གྱི་སྙན་ཐོའི་ནང་ཁྲིམས་ཐོག་ནས་བལ་ཡུལ་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐོག་དཀལ་ངལ་འཕྲད་བཞིན་ཡོད་པ་དང་། དམིགས་བསལ་གྱིས་བལ་ཡུལ་ནང་གི་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་གླེང་སློང་བྱས་ཏེ། གལ་སྲིད་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མི་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཚེ། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་སྡུག་སྦྱོང་ཚད་མེད་གཏོང་བ་དང་། བོད་མི་རྣམས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཡོད་སྐོར་གསལ་སྟོན་གནང་འདུག
ཡང་སྙན་ཐོའི་ནང་། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་མེད་པ་དང་། རྒྱ་ནག་གཞུང་གིས་སྡུག་སྦྱོར་མནར་གཅོད་དང་བཙོན་འཇུག དྲག་གནོན་ཤུགས་ཆེན་བྱས་ཏེ་བོད་མི་རྣམས་ལ་དཀའ་ངལ་ཤུགས་ཆེན་ཡོང་བཞིན་ཡོད་པ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མི་ ༢༠,༠༠༠ ཙམ་བལ་ཡུལ་ནང་དུ་འཚོ་སྡོད་བྱེད་བཞིན་ཡོད་སྐོར་དང་། བལ་ཡུལ་ནི་བོད་ནས་བོད་མི་རྣམས་བྲོས་བྱོལ་དུ་ཡོང་སའི་ས་ཁུལ་ཐག་ཉེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཡང་། བོད་ནང་གི་བོད་མི་རྣམས་ཀྱིས་དཀའ་ངལ་མང་པོར་གདོང་ལེན་བྱས་ཏེ་བལ་ཡུལ་དུ་འབྱོར་རྗེས། བལ་ཡུལ་གཞུང་གིས་བོད་མི་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་མེད་པར་བརྟེན། བོད་མི་དེ་དག་ལ་སློབ་སྦྱོང་དང་ལས་ཀ་སོགས་ཀྱི་གོ་སྐབས་ཡག་པོ་ཐོབ་ཀྱི་མེད་སྐོར་གསལ་སྟོན་གནང་འདུག
ད་དུང་སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༢ ལོར་བལ་ཡུལ་གཞུང་གིས་ཆུ་ཚོད་ ༢ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཅུག་པ་དང་། དུས་རྒྱུན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུ་པར་སྒྲིག་གཤོམ་བྱ་རྒྱུར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། བལ་ཡུལ་ནང་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ལ་ལྟ་སྲུང་ནན་པོ་བྱེད་མུས་ཡིན་པ། བོད་མིའི་སྡོད་ཁང་དུ་སྔོག་བཤེར་སོགས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བལ་ཡུལ་དང་རྒྱ་ནག་གཞུང་གཉིས་ཀྱི་བར་ལ་ཉེས་ཅན་པ་ཕྱིར་རྩིས་སྤྲོད་བྱ་རྒྱུའི་ཆིངས་ཡིག་ལ་བལ་ཡུལ་གཞུང་གིས་མཚན་རྟགས་བཀོད་ཡོད་ཀྱང་། གཞུང་འབྲེལ་གྱིས་གཏན་འབེབས་བྱས་མེད་སྐོར་བཀོད་འདུག
དེ་འབྲེལ་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། བལ་ཡུལ་གཞུང་གིས་བལ་བོད་ས་མཚམས་སུ་ཡོད་པའི་བོད་མི་བདུན་ཕྲག་གཅིག་གི་ནང་ཚུད་དུ་གནད་དོན་ཐག་གཅོད་ཀྱིས་རྒྱ་ནག་གཞུང་ལ་རྩིས་སྤྲད་ཡོད་སྐོར་བརྗོད་འདུག་ལ། བལ་ཡུལ་གཞུང་གིས་རྩིས་སྤྲོད་བྱས་པའི་སྐྱབས་བཅོལ་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་དང་། ཁོང་ཚོར་དྲག་གནོན་ཤུགས་ཆེན་བྱེད་པ་སོགས་བོད་མི་དེ་དག་གི་ཚེ་སྲོག་ལ་ཉེན་ཁ་ཡོད་སྐོར་བཀོད་འདུག
བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མི་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་དེས། བཙན་དབང་མེད་པའི་ཐོག་ནས་སྐྱབས་བཅོལ་བ་ཕྱིར་ལོག་བྱ་རྒྱུའི་ཁྲིམས་དང་འགལ་གྱི་ཡོད་པ་རེད། དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཞིར་བཟུང་། ཕྱིར་ལོག་བྱེད་པའི་སྐྱབས་བཅོལ་བ་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་ཉེན་ཡོད་ཚེ། སྐྱབས་བཅོལ་བ་རྣམས་བཙན་དབང་གི་ཐོག་ནས་རྒྱལ་ཁབ་ཏུ་ཕྱིར་ལོག་བྱ་ཆོག་གི་མེད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།