ལྷོ་ཨ་ཧྥི་རི་ཁའི་ནང་འཚོག་བཞིན་པའི་རྒྱལ་ཁབ་ལྔ་ཡི་ལྷན་ཚོགས་ཀྱི་མཛད་སྒོའི་ཐོག་ཞི་ཅིན་ཕིང་མཉམ་ཞུགས་བྱས་མེད་པ་དེར་སྐྱོན་བརྗོད་དང་ཚོད་དཔག་མང་པོ་བྱེད་བཞིན་འདུག
ཁ་སང་ཕྱི་ཚེས་ ༢༢ ནས་ ༢༤ བར་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་རྗོ་ཧན་ནེ་སི་བྷར་གྷ་ (Johannesburg) ནང་རྒྱ་དཀར་ནག་གཉིས་དང་། ལྷོ་ཨ་ཧྥི་རི་ཀ། བྷར་ཛིལ། ཨུ་རུ་སུ་བཅས་རྒྱལ་ཁབ་ལྔའི་ལྷན་ཚོགས་ (BRICS Summit) ཐེངས་ ༡༥ པ་འཚོག་བཞིན་ཡོད་འདུག་ལ། ལྷན་ཚོགས་ཐོག་རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་སྲིད་བློན། ཚོང་འབྲེལ་བློན་ཆེན་སོགས་མཉམ་ཞུགས་བྱས་ཏེ་གཙོ་བོ་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་སྲ་བརྟན་དང་། དཔལ་འབྱོར་གྱི་དཀའ་གནད་སེལ་ཐབས། དེ་བཞིན་ཚོང་འབྲེལ་རྒྱ་སྐྱེད་དང་སྲ་བརྟན་བཟོ་རྒྱུ། ཚོགས་པ་དེ་རྒྱ་སྐྱེད་གཏོང་རྒྱུའི་སྐོར་ལ་བགྲོ་གླེང་གནང་བཞིན་ཡོད་འདུག
ཐེངས་འདིའི་ལྷན་ཚོགས་ཐོག་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དྲ་ལམ་བརྒྱུད་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་ཕྱི་ཚེས་ ༢༡ ཉིན་གྲོང་ཁྱེར་རྗོ་ཧན་ནེ་སི་བྷར་གྷ་རུ་འབྱོར་ཏེ། ཚེས་ ༢༢ ཉིན་གྱི་གཏམ་བཤད་མཛད་སྒོའི་ཐོག་མགོ་འཁྲིད་རེ་རེ་ནས་གཏམ་བཤད་གནང་དགོས་ཀྱི་ཡོད་ཀྱང་། ཞི་ཅིན་ཕིང་མཉམ་ཞུགས་བྱས་མི་འདུག རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་ཝང་ཝིན་ཐའོ་ (Wang Wentao) ཡིས་ཞི་ཡི་གཏམ་བཤད་སྒྲོགས་སྦྱང་བྱས་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་ཞིས་གཏམ་བཤད་མཛད་སྒོར་ཅིའི་ཕྱིར་མཉམ་ཞུགས་བྱས་མེད་པའི་ཐད་གླེང་སློང་མང་པོ་བྱེད་བཞིན་འདུག གཅིག་བྱས་ན་ཞི་ཅིན་ཕིང་ན་བའམ་ཡང་ན་འགལ་འཛོལ་ཞིག་བྱུང་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག
ལྷན་ཚོགས་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། རྒྱ་གར་མི་མང་གིས་ཕྱི་ལོ་ ༢༠༤༧ ལོ་བསླེབ་སྐབས་རྒྱ་གར་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་ཆོད་སེམས་འཆིང་ཡོད་ལ། ད་ལྟའི་ཆར་འཛམ་གླིང་གི་དཔལ་འབྱོར་ཉམས་དམས་སུ་འགྲོ་བཞིན་ཡོད་ཀྱང་། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང། མ་འོངས་པར་རྒྱ་གར་ནང་ཚོང་འབྲེལ་གོང་འཕེལ་དུ་འགྲོ་ངེས་ཡིན་པ་མ་ཟད། དྲ་ལམ་བརྒྱུད་དངུལ་གཏོང་ལེན་དང་ཅ་དངོས་ལ་ཁྲལ་སྤྲད་དེ་ཚོང་དོན་སྒྲུབ་སླ་རུ་འགྲོ་ཡོད་ལ། དེ་བཞིན་རྒྱལ་ཁབ་ཀྱི་འཕྲུལ་རིགས་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་སྐོར་གསུངས་འདུག
རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་ཝང་ཝིན་ཐའོ་ (Wang Wentao) ཡིས། རྒྱལ་ཁབ་ཁག་ཅིག་གིས་དབང་ཤུགས་ཁྱབ་གདལ་གཏང་སྟེ་རྒྱལ་ཁབ་གཞན་གྱི་ཚོང་དོན་ཡར་རྒྱས་ཕྱིན་པ་རྣམས་གཏོར་བཤིག་གཏོང་གི་ཡོད་པ་རེད། རྒྱལ་ཁབ་སུ་འདྲ་ཞིག་ཡར་རྒྱས་མགྱོགས་པོར་ཕྱིན་ཚེ། དམག་དཔུང་བཀག་སྐྱིལ་དང་འགལ་རྐྱེན་བཟོ་རྒྱུར་དམིགས་ཀྱི་ཡོད་པ་རེད། འོན་ཀྱང་དེ་ནི་དོན་མེད་ཡིན་པ་དང་། རྒྱལ་ཁབ་ཡོངས་ལ་དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཐོབ་ཐང་ཡོད་པ་དང་། རྒྱལ་ཁབ་དེ་དག་མི་མང་ཡོངས་ལ་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུའི་རང་དབང་ཡོད་སྐོར་སོགས་བརྗོད་འདུག
བྷར་ཛིལ་གྱི་སྲིད་འཛིན་ལུ་ལ་ (Lula da Silva) ཡིས། འཛམ་གླིང་ལྷོ་ཁུལ་གྱི་རྒྱལ་ཁབ་ཁག་ཡར་རྒྱས་གོང་འཕེལ་གཏོང་སླད་ཚོགས་པ་དེ་བཙུགས་པ་ཡིན་ལ། ཨ་རི་དང་སྟོབས་ཆེན་རྒྱལ་ཁབ་ ༧ སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་ཆེད་དུ་མིན་སྐོར་དང་། ཚོགས་པ་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག་ལ། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་རྒྱལ་སྤྱིའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབང་ཤུགས་ཁྱབ་གདལ་དུ་འགྲོ་བཞིན་པར་ལྷན་ཚོགས་དེའི་ཐོག་ནས་ཁ་གཏད་གཅོག་པའི་དམིགས་ཡུལ་ཆེན་པོ་འཛིན་གྱི་ཡོད་པར་བཤད།
གོ་ལའི་དཔལ་འབྱོར་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་སུ་དམིགས་པའི་ལྷན་ཚོགས་དེ་ཕྱི་ལོ་ ༢༠༠༩ ལོར་ཐོག་མར་རྒྱ་གར་དང་རྒྱ་ནག བྷར་ཛིལ། ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་བཅས་ཀྱིས་གསར་འཛུགས་བྱས་ཡོད་པ་དང་། འདི་ལོའི་ལྷན་ཚོགས་ཐོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་སི་རིལ་གྱིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ ༦༩ ཙམ་ལ་མགྲོན་འབོད་བྱས་འདུག ཨལ་ཇེ་རི་ཡཱ་ (Algeria) དང་། སོ་ཌི་ཨ་ར་བྷི་ཡ་ (Saudi Arabia)། ཨར་ཇེན་ཊི་ན་ (Argentina)། ཨི་ཐོ་པི་ཡ་ (Ethiopia) སོགས་རྒྱལ་ཁབ་ ༤༠ ཙམ་གྱིས་ཚོགས་པའི་ནང་མཉམ་ཞུགས་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།