དེ་རིང་ཕྱི་དྲོ་ཆུ་ཚོད་ ༣ པ་ཙམ་ལ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སུ་ཝེ་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གསར་འགོད་གསལ་བསྒྲགས་ཚོགས་སོང་།
གསར་འགོད་གསལ་བསྒྲགས་སྟེང་སུ་ཝེ་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་མཁན་ལྕམ་སྐུ་མར་གྷི་རེ་ཏཱ་ (Margarete Cederfelt) མཆོག་གིས། ཁ་སང་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཐུག་འཕྲད་བྱས་ཡོད་ཅིང་། དེ་རིང་དགོང་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་ལྷན་དུ་ཐུག་འཕྲད་བྱ་རྒྱུ་ཡིན། ང་ཚོས་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་དྷ་རམ་ས་ལར་བསླེབས་ཡོད་པ་དང་། དེ་རིང་བོད་མིའི་མང་གཙོའི་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་བྱས་ཐུབ་པར་དགའ་པོ་ཞེ་དྲགས་བྱུང་། མཛད་སྒོའི་ཐོག་བོད་པ་གཞོན་སྐྱེས་རྣམས་ཀྱིས་མང་གཙོའི་སྐོར་ལ་གཏམ་བཤད་གནང་བ་དང་། ཕྲུ་གུ་ཁག་ཅིག་ལ་ཕྱག་འཁྱེར་གནང་བ་སོགས་མཐོང་བར་དགའ་པོ་བྱུང་། རྒྱུ་མཚན་ནི་མ་འོངས་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྒྱུན་གནས་ཐུབ་པར་བོད་ཕྲུག་གཞོན་སྐྱེས་རྣམས་གལ་ཆེན་པོ་ཞེ་དྲགས་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།
ད་དུང་ཁོང་མོས། དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲགས་བྱུང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། ཉེ་ལམ་འཛམ་གླིང་ནང་དམག་འཁྲུག་མང་པོ་བྱུང་གི་ཡོད་པ་དང་། འཛམ་གླིང་ཞི་བདེ་ཡོང་བར་མི་མང་རྣམས་ཀྱིས་གཅིག་སྒྲིལ་གྱི་ནུས་པ་བཏོན་གྱི་མེད་སྐོར་དང་། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པར་བརྟེན། ང་ཚོ་ཚང་མས་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་བྱ་དགོས་སྐོར་སོགས་ལམ་སྟོན་གནང་སོང་། དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག ང་ཚོས་མུ་མཐུད་དུ་བོད་དོན་ཐོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཅེས་གསུངས་སོང་།
ས་གནས་གསར་འགོད་པས་སུ་ཝེ་ཌན་གྲོས་ཚོགས་ནང་བོད་དོན་ཞུ་གཏུགས་གང་འདྲ་གནང་གི་ཡོད་སྐོར་དྲིས་པར། ཁོང་མོས། ང་ཚོ་གྲོས་ཚོགས་འཐུས་མི་ཡིན་པར་བརྟེན། གྲོས་ཚོགས་ནང་བོད་དོན་སྐོར་ལ་དྲི་བ་དྲིས་པ་དང་གླེང་སློང་། དེ་བཞིན་བགྲོ་གླེང་སོགས་བྱེད་ཀྱི་ཡོད་ལ། བོད་དོན་སྐོར་ལ་ཁྲིམས་འཆར་ཡང་བཏོན་ཡོད་པ་རེད། ད་དུང་སུ་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་གྲོས་ཚོགས་འཐུས་མི་རྣམས་སུ་ཝེ་ཌན་གྲོས་ཚོགས་ནང་ཕེབས་ཡོད་པ་རེད། ང་ཚོ་གྲོས་ཚོགས་འཐུས་མི་ཡིན་པའི་ཆ་ནས། སུ་ཝེ་ཌན་མི་མང་དང་ལྷན་དུ་བོད་དོན་སྐོར་དང་མང་གཙོའི་སྐོར་ལ་གླེང་སློང་མང་པོ་བྱེད་ཀྱི་ཡོད། འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཡོངས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པ་རེད། མི་མང་པོས་བོད་དོན་དང་བོད་ཀྱི་རིག་གཞུང་། བོད་མི་སོགས་ཀྱི་ཐོག་ལ་སེམས་འཚབ་ཤུགས་ཆེན་གནང་གི་ཡོད་པ་རེད། ང་ཚོ་གྲོས་ཚོགས་འཐུས་མི་ཡིན་པའི་ཆ་ནས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། ད་དུང་ང་ཚོས་ལོན་ཌོན་སྐུ་ཚབ་དོན་ཁང་གིས་ཚོགས་འདུ་གོ་སྒྲིག་བྱེད་པའི་ནང་། གྲོས་ཚོགས་འཐུས་མི་ཁག་ཅིག་མཉམ་ཞུགས་བྱས་ཏེ་བོད་ནང་གི་གནས་སྟངས་སྐོར་ལ་གླེང་སློང་བྱས་ཡོད། ཅེས་གསུངས་སོང་།
ས་གནས་གསར་འགོད་པས་ཐེངས་འདིའི་ཕྱོགས་སྐྱོད་དང་འབྲེལ་ནས་སུ་ཝེ་ཌན་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཡོང་གི་ཡོད་སྐོར་དྲིས་པར། ཁོང་མོས། ངས་ཧ་གོ་མ་སོང་། འོན་ཀྱང་། ང་ཚོ་གྲོས་ཚོགས་འཐུས་མི་ཡིན་པ་དང་། ང་ཚོས་དབྱེ་འབྱེད་བྱེད་ཀྱི་མེད། ང་ཚོས་མང་གཙོ་དང་སུ་ཝེ་ཌན་མི་མང་། དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཞེས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།