༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསླབ་པ་གསུམ་དང་སྡེ་སྣོད་གསུམ་གྱི་ཉམས་ལེན་ཡག་པོ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བདག་ཉིད་ཀྱི་ཆོས་དེ་ལག་ལེན་གྱི་ཐོག་ནས་སོ་སོའི་རང་རྒྱུད་ལ་སྐྱེ་ཐུབ་ཚེ་དེ་ནི་རྒྱལ་བ་དགྱེས་བའི་སྒྲུབ་པའི་མཆོད་པ་ཡིན་ཞེས་གསུངས་སོང་།
དེ་རིང་ཕྱི་ཟླ་ ༩ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཚོར་དབུ་མ་འཇུག་པའི་རང་འགྲེལ་གྱི་ཉིན་གཉིས་པའི་བཀའ་ཆོས་བསྩལ་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་ངོས་རང་གི་ལོ་རྒྱུས་ཤིག་བཤད་སྙིང་སྤྲོ་བྱུང་། ཝཱ་རཱ་ཎ་སཱིར་ཆོས་ལུགས་ཡོད་ཚད་ཀྱི་ཚོགས་འདུ་ཞིག་འཚོགས་པ་རེད། དེ་དུས་ངོས་རང་གི་སྣང་པར་ཡར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ལ་ཡར་ཤོག་གསུངས་ཀྱི་འདུག ངོས་རང་ཡང་དགའ་བོ་ཞེ་བོ་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པ་ཡིན། ཡར་ཕྱོགས་སུ་སླེབས་དུས་བཅོམ་ལྡན་འདས་ཀྱིས་ངོས་རང་ལ་འཆམ་པོ་ཞེ་བོ་གནང་བྱུང་། ངོས་ཀྱིས་བཅོམ་ལྡན་འདས་ལ་འབུལ་བ་ཅོག་ལེ་ཌི་ལས་གང་ཡང་འབུལ་རྒྱུ་མི་འདུག བཅོམ་ལྡན་འདས་ཀྱིས་འཆམ་པོ་ཞེ་བོ་གནང་བྱུང་། ངོས་ཀྱིས་འབུལ་བ་ཅོག་ལེ་ཌི་གཅིག་ཕུལ་བའི་རྨི་ལམ་གསལ་བོ་ཞེ་བོ་ཞིག་བྱུང་། དེ་རྨི་ལམ་ཟེར་དགོས་སམ། རྨི་ལམ་མ་རེད་ད། དེ་འདྲའི་དག་བའི་སྣང་བ་གསལ་བོ་ཞིག་བྱུང་། བྱས་ཙང་ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་བ་ཤིག་རེད་ལ། ལུང་གི་བདེན་པ་ལ་ཐོས་བསམ་བྱས། རྟོག་པའི་བདེན་པ་ཉམས་སུ་བླངས། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ལ་གང་འཚམ་གྱིས་ཉམས་མྱོང་ཡོད་པ་ཆགས་བསྡད་ཡོད་དུས། སྟོན་པ་བཅོམ་ལྡན་འདས་ཐུགས་དགྱེས་བོ་བྱས་ཏེ་ངོས་ལ་འཆམ་པོ་ཞེ་བོ་གནང་བྱུང་། དེ་ནི་རྨི་ལམ་མ་རེད། དེ་འདྲའི་སྣང་བ་གསལ་བོ་ཞིག་བྱུང་། ངོས་ཀྱི་སེམས་ནང་དུ་སྤོབས་པ་ཞིག་བསླེབ་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་སྐྱབས་འདུག་བསམ་པའི་ཚོར་བ་ཞེ་བོ་བྱུང་། དུས་ད་ལྟ་བར་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་གིས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་སྟོན་པའི་ཚུལ་དེར། ངོས་རང་གིས་ཉམས་ལེན་བྱས་ཡོད་ཅིང་། གཞན་ལའང་བཤད་དེ་གང་ལ་གང་འཚམ་གྱི་ཕན་ཐོགས་བྱས་ཐུབ་པ་བྱུང་། དེ་རྨི་ལམ་མ་རེད། བཅོམ་ལྡན་འདས་ཀྱི་ཉམས་མདངས་གསལ་བོ་ཞིག་བྱུང་། ཞེས་བཀའ་བསྩལ་སོང་།
ཡང་མགོན་པོ་གང་ཉིད་མཆོག་ནས། དེ་རིང་འདིར་འཛམ་བུ་གླིང་གི་ནང་པའི་ལུང་པ་འདྲ་མིན་ནས་ཕེབས་ཡོད་པ་རེད། ངོས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཇི་མ་ཇི་བཞིན་དུ་ལུང་གི་ཆོས་ལ་འཆད་ཉན་བྱས་ཡོད་པ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་པོ་ཉམས་སུ་བླངས་ཏེ། མི་གཞན་ལ་དགེ་ཚུལ་སློང་གི་རྟོགས་པ་བྱེད་པ་མཚོན་པའི་གྲས་ལ་གང་ཐུབ་ཅི་ཐུབ་བྱས་པ་ཡིན། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ཏེ་ལོ་མང་པོ་ཕྱིན་པ་རེད་དེ། སྟོན་པའི་ལུང་རྟོགས་ཀྱི་བསྟན་པ་དེ་གསལ་བོ་ཆགས་ཡོང་བཞིན་འདུག་ག ངོས་རང་གི་ངོས་ནས་བསྟན་པའི་ཞབས་འདེགས་བསམ་པ་རྣམ་དག་གིས་བསྒྲུབས་པ་ཡིན། ད་དུང་ཡང་རྨི་ལམ་གྱི་སྣང་བ་གསལ་བོ་ཡོང་བསྡད་པ་དེ། ངོས་རང་ལོ་བརྒྱ་དང་བཅུ་ལྷག་བསྡད་ཐུབ་པའི་རྨི་ལམ་གསལ་བོ་ཞེ་བོ་ཡོང་བསྡད་ཀྱི་འདུག ད་ལྟ་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབས་བསྡད་ཡོད་པ་རེད། ད་དུང་ལོ་བཅོ་ལྔ་ལྷག་རིང་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་ཡིན་ལ། བསྒྲུབ་ཐུབ་པ་ཡོད་པའི་ཟོལ་ཞིག་འདུག ཁྱེད་ཚོ་ཚང་མས་བློ་བདེ་བོ་བྱས་བཞུགས་རོགས་གནང་། ཞེས་བཀའ་སློབ་བསྩལ་སོང་།
ཡང་གོང་ས་མཆོག་ནས། གང་ལྟར་གལ་ཆེ་ཤོས་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་སོ་སོའི་རྒྱུད་ལ་སྐྱེ་དགོས་པ་མ་གཏོགས། དེ་ལྷ་ཁང་ནང་དུ་ཡོད་པ་མ་རེད། ལྷ་ཁང་རྫིག་པོ་ཞིག་ཡོད་པས་ཕན་གྱི་མ་རེད། ང་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་བྱས། དེ་སྡེ་སྣོད་གསུམ་གྱི་འཆད་ཉན་ཡག་པོ་བྱས་ཏེ། རང་རྒྱུད་ལ་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བདག་ཉིད་ཀྱི་ཆོས་དེ་སོ་སོས་ལག་ལེན་གྱི་ཐོག་ནས་སྐྱེད་ཐུབ་ཚེ། དེ་ནི་རྒྱལ་བ་དགྱེས་བའི་སྒྲུབ་པའི་མཆོད་པ་རེད། ངོས་རང་ལ་ཆ་བཞག་ན་ཕ་ཡུལ་ས་ཐག་རིང་པོ་ནས་སྐྱེས་པ་དང་། རྒྱལ་དབང་གི་མིང་ཞིག་ཐོགས་ཏེ་ངོས་རང་ཆུང་ཆུང་གི་སྐབས་ནས་ཆོས་ལ་སློབ་སྦྱོང་བྱས་པ་རེད། གང་ལྟར་ངོས་ཀྱིས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། བསླབ་པ་གསུམ་གྱི་ཉམས་ལེན་ལ་ཧུར་ཐག་འབད་ཐག་བྱས་པ་རེད། འབྱུང་འགྱུར་ཡང་ལོ་བཅུ་ཕྲག་ཁ་ཤས་ལ་བསྟན་པ་ལ་ཞབས་འདེགས་བསྒྲུབ་རྒྱུ་ཡིན། ཁྱེད་ཚོས་ཀྱང་སྨོན་ལམ་བསྐྱོན་ཤོག སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་དད་པ་གཅིག་པོ་རེད་མི་འདུག བསམ་བློ་བཏང་ནས་སྐྱོན་གྱི་རིགས་ངོ་ཤེས་པ་བྱས་ཏེ་ཉུང་དུ་གཏོང་བཞིན་ཡོད་པ་རེད་ཅེས་བཀའ་སློབ་བསྩལ་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།