ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཁོངས་ཀྱི་བུ་མོ་ཚེ་རིང་དབྱངས་འཛོམས་ལགས་སུ་ཀེ་ལོ་མེ་ཊར་ ༡༢༢ ཀྱི་དར་གོས་ཚོང་ལམ་རྒྱང་རྒྱུག་འགྲན་སྡུར་ཁྲོད། བུད་མེད་འགྲན་ཞུགས་པའི་ནང་ནས་ཨང་དང་པོ་དང་རྒྱང་རྒྱུག་ཁྱོན་ཡོངས་ཀྱི་ཨང་རིམ་གསུམ་པ་བཅས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རེད།
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཚེ་རིང་དབྱངས་འཛོམས་ལགས་སུ་མྱོང་ཚོར་ཅི་བྱུང་སྐོར་སྐད་ཆ་དྲིས་པར་མོས། ང་ཀེ་ལོ་མེ་ཊར་ ༡༢༢ རྒྱང་རྒྱུག་ཁྲོད་ཨང་དང་པོ་ལོན་པར་དགའ་པོ་ཞེ་དྲགས་བྱུང་། གང་ཡིན་ཟེར་ན། ངས་དཀའ་ལས་བརྒྱབ་པར་འབྲས་བུ་སྨིན་པ་རེད། ཅེས་དང་། རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་རྒྱང་རྒྱུག་ཁྲོད་འགྲན་ཞུགས་བྱས་པ་དེར་སྤོབས་པ་སྐྱེས་པ་མ་ཟད། བོད་དོན་ཐད་བོད་མི་ཞིག་གིས་ཨང་དང་པོ་བླངས་འདུག་ཟེར་ནས་ཕན་ཐོགས་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།
ཐེངས་འདིའི་རྒྱང་རྒྱུག་འགྲན་སྡུར་དེ་ནི་ལ་དྭགས་ཀྱི་ནུབ་རའི་ (Kyagar)་ས་ཁུལ་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་རྒྱུག་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༨ པ་ནས་མགོ་བཙུགས་ཏེ། ཕྱི་ཚེས་ ༩ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་ཙམ་ལ་རྒྱལ་ས་གླེ་རུ་མཇུག་བསྡུས་ཡོད་འདུག་ལ། རྒྱང་རྒྱུག་གོ་སྒྲིག་བྱེད་མཁན་ནི་རེ་མོ་ (Rimo Expeditions) སྐོར་སྐྱོར་རྟོག་ཞིབ་ཚོགས་པ་ཡིན་འདུག
ལ་དྭགས་ཀྱི་རྒྱང་རྒྱུག་འགྲན་སྡུར་དེའི་ཁྲོད་ཀེ་ལོ་མེ་ཊར་ལྔ་དང་ཉེར་གཅིག དེ་བཞིན་ཀེ་ལོ་མེ་ཊར་ ༤༢ དང་མཁར་གདོང་ལ་རྒྱང་རྒྱུག་འགྲན་སྡུར་ཀེ་ལོ་མེ་ཊར་ ༧༢ བཅས་རྒྱང་རྒྱུག་གི་རིམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༢ ལོར་ཚེ་རིང་དབྱངས་འཛོམས་ལགས་ཀེ་ལོ་མེ་ཊར་ ༧༢ ཀྱི་མཁར་གདོང་ལ་རྒྱང་རྒྱུག་འགྲན་སྡུར་ནང་མཉམ་ཞུགས་བྱས་ཏེ་ཨང་རིམ་གཉིས་བླངས་མྱོང་བ་དང་། ཁོ་མོ་ནི་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཞིག་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།