རྒྱ་ནག་གཞུང་གིས་ཏ་ལི་བྷན་གྱི་འཛིན་སྐྱོང་འོག་གི་ཨབ་གྷན་ནང་གཞུང་ཚབ་པ་བསྐོ་གཞག་བྱས་ཏེ་འཛམ་གླིང་ནང་ཏ་ལི་བྷན་གཞུང་འོག་གཞུང་ཚབ་པ་བསྐོ་གཞག་བྱེད་མཁན་ཐོག་མ་ཆགས་ཡོད་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཤ་ཡའི་དབུས་ལྷོའི་མཚམས་སུ་ཆགས་པའི་ཨབ་གྷན་ནེ་སི་ཐན་དུ་རྒྱ་ནག་གཞུང་གི་གཞུང་ཚབ་པ་ཀྲའོ་ཤིང་ (Zhao Xing) ཟེར་བ་ཐོག་མར་འབྱོར་སྐབས། ཨབ་གྷན་ཏ་ལི་བྷན་སྲིད་གཞུང་གིས་གཞུང་འབྲེལ་སྣེ་ལེན་ཞུས་ཡོད་ཅིང་། དེ་ནི་ད་སྔ་བར་འཛམ་གླིང་རྒྱལ་ཁབ་གཅིག་གིས་ཀྱང་ཏ་ལི་སྲིད་གཞུང་ངོས་ལེན་བྱེད་ཀྱིན་མེད་པ་དང་རྒྱ་ནག་གཞུང་གཅིག་པོས་ཏ་ལི་བྷན་འཛིན་སྐྱོང་ཨབ་གྷན་ནེ་སི་ཐན་ནང་གཞུང་ཚབ་པ་བསྐོ་གཞག་བྱས་པ་ཞིག་ཆགས་ཀྱི་འདུག
དེ་འབྲེལ་ཏ་ལི་བྷན་གྱི་བར་བརྒལ་སྲིད་བློན་ཨབ་དྷུལ་ཀ་བྷིར་ (Mawlawi Abdul Kabir) གྱིས། རྒྱ་ནག་གིས་གཞུང་ཚབ་པ་ཀྲའོ་ཤིན་ (Zhao Xing) བསྐོ་བཞག་བྱས་ཏེ། འཛམ་གླིང་རྒྱལ་ཁབ་གཞན་གྱིས་རྒྱ་ནག་གཞུང་ལ་འབྲེལ་ལམ་གསར་པ་འཛུགས་དགོས་པའི་བརྡ་གཏོང་གི་ཡོད་པ་དང་། རྒྱ་ནག་དང་ཏ་ལི་བྷན་བར་གྱི་འབྲེལ་ལམ་ཡག་པོ་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་མུ་མཐུད་དུ་སྲ་བརྟན་ཡོང་བའི་རེ་བ་ཡོད་སྐོར་སོགས་བརྗོད་འདུག
ཕྱི་ཚེས་ ༡༢ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་ཨབ་གྷན་ནེ་སི་ཐན་ལ་བཟུང་བའི་སྲིད་ཇུས་ཕྱི་གསལ་ནང་གསལ་དང་བརྟན་པོ་ཡིན་པ་མ་ཟད། ཐེངས་འདིར་ཨབ་གྷན་དུ་རྒྱ་ནག་གི་གཞུང་ཚབ་མི་སྣ་བསྐོ་བཞག་བྱས་པ་དེ་ནི་རྒྱལ་ཁབ་གཉིས་བར་གྱི་རྒྱུན་ལྡན་གྱི་འབྲེལ་ལམ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་མཉམ་འབྲེལ་དང་གྲོས་མོལ་སོགས་ཀྱི་་འབྲེལ་ལམ་ཡར་རྒྱས་གཏོང་འཆར་ཡོད་སྐོར་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཏ་ལི་བྷན་གྱིས་ཨབ་གྷན་ནེ་སི་ཐན་གྱི་འཛིན་སྐྱོང་སྤེལ་གསུམ་གྱི་དབང་ཆ་བཟུང་བ་ནས། ད་སྔ་བར་ཨབ་གྷན་གྱི་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་ཀྱི་རང་དབང་དང་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་བརྟེན། ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་ཏ་ལི་བྷན་གཞུང་ལ་ངོས་འཛིན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་ཨབ་གྷ་ནེ་སི་ཐན་དུ་་གཞུང་ཚབ་མི་སྣ་བསྐོ་བཞག་བྱས་པ་དེས། ཨབ་གྷན་ནང་གི་རྒྱ་ནག་གི་ཤུགས་རྐྱེན་ཕྱིར་མངོན་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨབ་གྷན་གྱི་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་ནས་ཏ་ལི་བྷན་གཞུང་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་པའི་སྐབས་ཤིག་ལ། རྒྱ་ནག་གཞུང་གིས་གཞུང་ཚབ་པ་བསྐོ་གཞག་བྱས་ཡོད་ཅིང་། དབྱེ་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གིས་སོ་སོའི་དཔལ་འབྱོར་དང་བདེ་འཇགས་སླད་ཏ་ལི་བྷན་དང་ལྷན་དུ་འབྲེལ་ལམ་འཇོག་གི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ནང་འཚོག་གཏན་ཁེལ་བའི་རྒྱ་ནག་གི་རྒྱུ་གཅིག་ལམ་གཅིག་གི་ལྷན་ཚོགས་སྟེང་ཨབ་གྷན་གལ་ཆེན་ཆགས་ཡོད་སྐོར་སོགས་བརྗོད་འདུག
འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཏ་ལི་བྷན་གཞུང་དང་རྒྱ་ནག་གི་བཟོ་གྲྭ་ཞིག་གི་བར་ནུས་ཤུགས་བཀག་འདོན་གྱི་གན་རྒྱ་བཞག་ཡོད་པ་དང་དེ་ནི་ཏ་ལི་བྷན་གཞུང་གིས་ཕྱིའི་རྒྱལ་ཁབ་ཅིག་དང་ལྷན་དུ་བཞག་པའི་གྲོས་མཐུན་ཐོག་མ་དེའང་ཆགས་ཀྱི་ཡོད་འདུག་ལ། ཡང་འདི་ལོའི་ལོ་མགོར་རྒྱ་ནག་དང་པ་ཀི་སི་ཐན། ཨབ་གྷན་བཅས་ཀྱིས། རྒྱ་ནག་གིས་མཐུན་འགྱུར་བྱེད་བཞིན་པའི་རྒྱ་ནག་དང་པ་ཀི་སི་ཐན་གྱི་ཚོང་འབྲེལ་སྲིད་ཇུས་དེ་ཨབ་གྷན་ནང་ལག་བསྟར་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་རེད།
རྒྱལ་སྤྱིའི་ཝེ་ཁེ་རིག་མཛོད་ལྟར་ན། ཨབ་གྷན་དང་རྒྱ་ནག་གི་འབྲེལ་ལམ་དེ། ཡེ་ཤུའི་སྟོན་པ་མ་འཁྲུངས་གོང་གི་དུས་རབས་གཉིས་པའི་སྐབས། རྒྱ་ནག་གི་ནང་པའི་དགེ་སློང་ཐང་ཞོན་ཙང་འཕགས་ཡུལ་དུ་ཆོས་ཞུ་བར་ཕྱིན་སྐབས་ཨབ་གྷན་བརྒྱུད་ནས་སོང་ཡོད་པ་ནས་བྱུང་བར་གྲགས་ལ། སྤྱིའི་ཆ་ནས་ཨབ་གྷན་ནི་དར་གོས་ཚོང་ལམ་གྱི་ལྟེ་བར་འཁེལ་གྱི་ཡོད་སྟབས། རྒྱ་ནག་གི་ཧན་དང་ཆིན། ཐང་སོགས་རྒྱལ་རབས་མང་པོས་ཨབ་གྷན་གྱི་ས་ཆར་བདག་བཟུང་བྱས་པའི་ལོ་རྒྱུས་གསལ་འདུག་ལ། ཉེ་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ནི། ཕྱི་ལོ་ ༡༩༥༠ ལོར་ཨབ་གྷན་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ངོས་འཛིན་བྱས་པ་ནས་ད་བར་རྒྱལ་ཁབ་གཉིས་བར་ཆབ་སྲིད་དང་ཚོང་འབྲེལ་སོགས་ཕྱོགས་མང་པོ་ཞིག་གི་འབྲེལ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།