གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཚོགས་གཙོ་སྦྲེལ་པོར་ཐུག་འཕྲད་བྱེད་པའི་རེ་སྐུལ་ཞུས་ཡོད་ཀྱང་དུས་ཚོད་གནང་མེད་པར་བརྟེན། གཞི་རིམ་མི་མང་གི་སྙན་ཞུ་ད་དུང་གྲོས་ཚོགས་ལ་ཕུལ་ཐུབ་མེད་པ་རེད་འདུག
དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༢༨ བར་ཉིན་གྲངས་དགུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོོགས་དུས་ ༦ པ་དེ་འཚོག་གི་ཡོད་པ་དང་བསྟུན། དེ་རིང་གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་ལན་གྱི་ཚོགས་དུས་འདིར་ཁྲིམས་ཞིབ་པའི་འོས་ཆོས་བསྐྱར་བཅོས་བྱས་ཏེ། ཁྲིམས་ཞིབ་པ་བསྐོ་གཞག་དགོས་པ་སོགས་ཀྱི་རེ་སྐུལ་སྙན་ཞུ་ཞིག་ཚོགས་གཙོ་སྦྲེལ་པོའི་ཕྱག་ཏུ་ཕུལ་ཐུབ་མེད་ཀྱང་། སང་ཉིན་ཚོགས་གཙོ་སྦྲེལ་པོ་མཇལ་རྒྱུར་རེ་བ་གནང་གི་ཡོད་སྐོར་སོགས་བརྗོད་སོང་།
དེའི་ཐད་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་དབྱངས་ལགས་ཀྱིས། ད་ལྟ་ང་ཚོ་གྲོས་ཚོགས་ནང་བཅར་དུས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་མཇལ་རྒྱུའི་དུས་ཚོད་ཞུས་པ་རེད། དེ་རིང་ཡོང་གི་མི་འདུག་གསུངས་སོང་། ང་ཚོས་ཚོགས་དྲུང་བརྒྱུད་ནས་སང་ཉིན་ངེས་པར་དུ་ཚོགས་གཙོ་དང་ཚོགས་གཞོན་མཇལ་རྒྱུའི་དུས་ཚོད་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད། ང་ཚོའི་སྙན་ཞུ་འདི་ཚོགས་གཙོ་དང་ཚོགས་གཞོན་གྱི་ཕྱག་ལ་ཕུལ་རྒྱུ་ཡིན་པ་དང་། སྤྱི་འཐུས་གཞན་ལ་ཚོགས་དྲུང་བརྒྱུད་ནས་ཕུལ་རྒྱུའི་དམིགས་ཡུལ་ཆེད་འདིར་བཅར་བ་ཡིན། དེ་རིང་ཚོགས་གཙོ་ཚོགས་གཞོན་མཇལ་རྒྱུ་མེད་པར་བརྟེན། སང་ཉིན་ཕུལ་རྒྱུ་ཡིན། ང་ཚོས་ཐོག་མར་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྤྱི་འཐུས་ ༤༥ ལ་ཕྱི་ཟླ་ ༢ ཚེས་ ༡༧ཉིན་འཁོད་པའི་སྙན་ཞུ་ནང་འབོད་སྐུལ་ཞུས་ཡོད་པ་རེད། དེ་སྔ་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་བར་དུ་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ་འཁྱེར་གནང་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། ང་ཚོས་ད་ལན་གྱི་ཚོགས་ཐེངས་དྲུག་པ་ཆེས་ཛ་དྲག་གི་ཐོག་ནས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བསྐོ་བཞག་གནང་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ། ད་ལན་གྱི་ཚོགས་ཐེངས་དྲུག་པ་ལ་འགྲོ་ཐུབ་པ་གནང་རོགས་གནང་ལབ་ནས་འབོད་སྐུལ་ཞུས་ཡོད་དེ། དེ་རིང་ཚོགས་གཙོའི་གསུང་བཤད་ནང་རྗེས་མའི་གྲོས་ཚོགས་ནང་སྙན་ཐོ་བསྣམས་ཀྱི་ཡིན་གསུང་དུས། དེ་ལ་འཛོམས་པའི་མི་མང་ ༥༠༠ དང་ ༦༠༠ གིས་ས་གནས་སོ་སོའི་མགོ་འཛིན་ལ་བཀའ་འདྲི་ཞུས་ཏེ། དེའི་ཐོག་ལ་གོ་བསྡུར་རིམ་པས་ཡོང་ནས་གནང་ལུགས་གནང་ཕྱོགས་རྣམས་དེ་བསྟུན་ནས་གཏན་འབེབ་ཡོང་གི་རེད། ཅེས་བརྗོད་བྱུང་།
དེ་བཞིན་ཁ་སང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྐབས་གཉིས་པའི་གཞི་རིམ་མི་མང་གིས་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཞུ་འབོད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་དང་གསར་འགོད་གསལ་བསྒྲགས་ཤིག་སྐོང་འཚོགས་གནང་བའི་སྐབས། གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་ཚོགས་མི་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས། དེ་རིང་ང་ཚོ་མི་མང་འཛོམས་དགོས་དོན་གཙོ་བོ་ནི་འདས་པའི་ལོ་ངོ་ ༦༠ ནང་བྱུང་མ་མྱོང་བའི་གནས་ཚུལ་བྱུང་བ་རེད། དེ་ཡང་མང་གཙོའི་ཀ་བ་གལ་ཆེ་ཤོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ད་ལྟའི་གནས་སྟངས་ནུས་མེད་ཆགས་བསྡད་ཡོད་པ་རེད། དེར་བརྟེན་རྒྱ་ཆེ་མང་ཚོགས་ཀྱི་མི་མང་རང་བཞིན་ལྡན་པའི་ལས་འགུལ་ཞིག་ཆགས་ཀྱི་ཡོད། ད་ལྟ་ང་ཚོས་འབོད་སྐུལ་ཞུ་ཡི་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་པ་རེད། སྙན་ཐོ་འདི་དེ་རིང་གི་གྲོས་ཚོགས་ནང་ཕུལ་བ་རེད་ཟེར་ནས་གོ་ཐོས་བྱུང་། དེར་བརྟེན་ང་ཚོའི་རེ་བར་དེ་རིང་གི་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་ཞིག་ཕེབས་ཐུབ་རྒྱུའི་ལམ་ཁ་སངས་ཐུབ་རྒྱུ་དང་། བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད། གལ་སྲིད་མ་བྱུང་བ་ཡིན་ན། ང་ཚོའི་མང་ཚོགས་ཀྱིས་མུ་མཐུད་དུ་འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་དང་མཐུན་པ། བཟང་སྤྱོད་དང་ལྡན་པའི་ཐོག་ནས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་དེ་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་ཡིན། ཞེས་བརྗོད་སོང་།
དེ་རིང་སྐབས་གཉིས་པའི་གཞི་རིམ་མི་མང་རེ་འབོད་ཚོགས་པའི་སྣེ་ཁྲིད་འོག གངས་སྐྱིད་ལག་སྤོལ་རྩེད་ཐང་དུ། རྒྱ་གར་གཙོས། ཨ་རི། ཡུ་རོབ། བལ་ཡུལ་སོགས་ནས་ཁྱོན་མི་གྲངས་ ༥༠༠ ལྷག་གིས་ཞི་རྒོལ་ལས་འགུལ་སྤེལ་ནས། ད་ལན་གྱི་གྲོས་ཚོགས་ཚོགས་དུས་སྐབས་ ༦ པའི་སྐབས་བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་ཁྲིམས་ཞིབ་པ་བསྐོ་གཞག་དགོས་པའི་རེ་སྐུལ་ཞུ་མུས་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།
མང་གཙོའི་སྒྲིག་འཛུགས་ནང་མི་མང་ནི་མང་གཙོའི་ཀ་བ་ཨ་མ་དེ་ཡིན་པ་ནས་མི་མང་གི་མངོན་འདོད་དང་། བསམ་འཆར། ཞུ་སྙན་ལ་བདག་སྤྲོད་གནང་རྒྱུ་དེ་མི་མང་གི་འཐུས་མིའི་ལས་འགན་ཡིན་པ་ལ་ངོས་འཛིན་ཞུ་གི་ཡོད་ལ་སྤྱི་འཐུས་ལྷན་ཚོགས་ནས་མི་མང་གི་ཞུ་སྙན་ལན་འདེབས་གནང་དགོས་པ་དེ་མི་མང་གིས་འཐུས་མིའི་ལས་འགན་ཡིན་པ་ངོས་འཛིན་ཞུ་གི་ཡོད།