མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོ་ཀྲུང་ཧྭ་མི་རིགས་སུ་བསྒྱུར་བ། གོ་མིན་ཏང་གི་ཕམ་ཉེས་དང་གུང་ཁྲན་ཏང་གིས་སྒྲུབ་སྲིད་དམ།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང།   ཕན་ཐོགས།

ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་ནི་རྒྱ་ནག་གི་བོད་ཐོག་ལས་དོན་གྱི་གལ་གནད་ཡིན།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན། རྒྱ་ནག་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ལག་བསྟར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཞེས་པའི་དོན་ཚན་ཆེན་པོ་དྲུག་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད། དེ་ནི་ཕྱི་ལོ་ ༢༠༢༡ རྗེས་ཀྱི་བོད་ཐོག་རྒྱབ་ཤ་དཀར་པོ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཆ་གསར་ཤོས་དེ་ཆགས་ཡོད། སྔོན་གྱི་ཡིག་ཆ་ཁག་དང་མི་འདྲ་བར་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ཀླ་ཀློ་དང་རྗེས་ལུས་ཡིན་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་བཅིངས་འགྲོལ་དང་བདེ་སྐྱིད་བསྐྲུན་པ་སོགས་ནམ་རྒྱུན་བཤད་བསྡད་པའི་འཁྱོག་བརྗོད་ཀྱི་ནང་དོན་དེ་ཚོ་བཀོད་མེད། རྒྱ་ནག་གི་ཚོགས་ཆེན་ ༡༨ ནས་ཞི་ཅིན་ཕིང་གིས་བོད་ལ་འཛུགས་སྐྲུན་འཕེལ་རྒྱས་དང་བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་གྱི་ཡོད་ཚུལ་བཀོད་འདུག

རྒྱབ་ཤ་དཀར་པོའི་ནང་སྔོན་གྱི་ཁ་བྲལ་ལ་ངོ་རྒོལ་སྐོར་གྱི་བརྒྱ་བཤད་སྟོང་གླེང་སྐོར་ཡིག་ཕྲེང་གཅིག་ནང་བསྡུས་ཡོད། དོན་ཚན་གསུམ་པ་མི་རིགས་ཆོས་ལུགས་ལས་དོན་བརྟན་པོར་སྤེལ་བ་ཟེར་བའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གལ་གནད་དང་བོད་ཀྱི་ལས་དོན་གྱི་ཐབས་ཇུས་ཀྱི་ལས་འགན་ཡིན་ཞེས་བཀོད་འདུག དེས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཟས་གོས་འགྲོ་སྡོད་ཁྱོན་ཡོངས་ཚོད་འཛིན་བྱེད་ཐུབ་པ་དང་། ད་ནས་བཟུང་བོད་མིའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཐད་གལ་ཆེ་ཤོས་ཀྱི་ངོས་འཛིན་ནས་ཚོད་འཛིན་བྱེད་ཀྱི་ཡོད་པ་ཤེས་ཐུབ།

དེ་ཡང་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཡིག་ཆའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་བོད་ཐོག་ལས་དོན་གྱི་ཐབས་ཇུས་ཀྱི་ལས་འགན་ཡིན་ཟེར་བའི་བརྗོད་པ་དང་པོ་ཆགས་འདུག དེས་ང་ཚོས་རྒྱ་གཞུང་གི་བོད་ནང་མི་རིགས་དང་ཆོས་ལུགས་ལས་དོན་ཐད་མི་རིགས་རིག་གཞུང་དང་ཆོས་དད་རང་དབང་དར་སྤེལ་གཏང་རྒྱུ་མིན་པར་ཀྲུང་ཧྭ་མི་རིགས་ཟེར་བའི་མིང་འོག་ནས་བོད་ནང་མི་རིགས་མཚུངས་བསྒྱུར་གཏོང་གི་ཡོད་པ་མཐོང་ཐུབ། ཁོ་ཚོའི་དམིགས་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་སྐད་ཡིག བོད་མིའི་ངོ་བོ་སོགས་རྩ་མེད་བཟོས་ནས་བོད་མི་ཚོས་རྒྱ་གཞུང་གིས་བཀའ་དང་ལེན་བྱ་རྒྱུ་དེ་ཡིན།

མིས་བཟོས་པའི་ཀྲུང་ཧྭ་མི་རིགས་དང་རྒྱ་ནག་གི་མི་རིགས་རིང་ལུགས།

ཀྲུང་ཧྭ་མི་རིགས་ཟེར་བ་ནི་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་སུ་བྱུང་བ་ཞིག་རེད། ཕྱི་ལོ་ ༡༩༠༥ ལང་ཆི་ཁྲོའོ་(梁启超)གྱིས་《ལོ་རྒྱུས་ཐོག་གི་ཀྲུང་གོ་མི་རིགས་ཀྱི་རྟོག་དཔྱོད》《历史上中国民族之观察》ཞེས་པའི་རྩོམ་ཡིག་ནང་དུ་ཀྲུང་ཧྭ་མི་རིགས་ཟེར་བ་ཐེངས་བདུན་བེད་སྤྱོད་བྱས་ཡོད། དེང་གི་ཀྲུང་ཧྭ་མི་རིགས་ནི་ཡོངས་ཁྱབ་ཏུ་འབོད་བཞིན་པའི་རྒྱ་མི་རིགས་རེད། དེ་ནི་རྒྱ་ནག་གི་གཙོ་གཞི་མི་རིགས་ཏེ་མེས་པོ་ཡན་ཧོང་གི་རྒྱུད་པ་ཡིན། (今之中华民族,即普遍俗称所谓汉族者,它是我中国主族,即所谓炎黄遗族。)འོན་ཀྱང་ལང་ཆི་ཁྲོའོ་ཡིས་ཀྲུང་ཧྭ་མི་རིགས་ཟེར་བ་དངོས་སུ་བེད་སྤྱོད་བྱེད་སྐབས་ཟང་ཟིང་དང་ཁ་གསལ་མི་འདུག མཚམས་རེར་རྒྱ་མི་རིགས་དང་མཚམས་རེར་རྒྱ་ནག་གི་མི་རིགས་ཚང་མར་(所有民族) བེད་སྤྱོད་བྱས་ཡོད།

ཀྲུང་ཧྭ་ནི་ཀྲུང་ཡོན་ཧྭ་ཤཱ་(中原华夏)

རྨ་ཆུའི་ཆུ་སྐེད་དང་ཆུ་སྨད་དུ་འཚོ་སྡོད་བྱེད་མཁན་རྒྱ་མི་རིགས་གཙོ་གཞི་བྱས་པའི་ས་ཆ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡང་ཀྲུང་ཧྭ་མི་རིགས་ནི་ཀྲུང་ཡོན་ཧྭ་ཤཱ་མི་རིགས་རྒྱ་མི་རིགས་ལ་གོ་ཡི་ཡོད།

ལོ་ངོ་སྟོང་ཕྲག་སྔོན་ནས་རྒྱ་ནག་རུ་ལུགས་ཀྱི་མཁས་པ་ཚོས་རྒྱ་ནག་ནི་མི་དང་མི་རིགས་དང་རྒྱལ་ཁབ་གཞན་ཚོ་བྱོལ་སོང་(中国为人,而夷狄为禽兽) དུ་ངོས་འཛིན་གྱི་ཡོད། བྱས་ཙང་མཐའ་བཞི་ཀླ་ཀློར་འབོད་པའི་བོད་མི་གཙོས་པའི་མི་རིགས་ཚོ་གང་འདྲ་བྱས་ནས་དཔལ་ཡོན་ཅན་ཡིན་ཟེར་མཁན་གྱི་ཀྲུང་ཧྭ་མི་རིགས་ཆགས་པ་རེད། དེ་ནི་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཆབ་སྲིད་དགོས་མཁོའི་ཆེད་དུ་ཐ་སྙད་རོལ་རྩེད་བྱས་པ་གསལ་པོ་རེད།

རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དུས་འགོར་རྒྱ་ནག་གི་གཞུང་ལུགས་སྨྲ་བ་ཚོས་མན་ཇུ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཟེར་བ་ཆ་ཚང་ཞིག་ཁྲིམས་མཐུན་ཤུལ་འཛིན་ཡོང་ཐབས་ཆེད། དུས་མཚུངས་མི་རིགས་རིང་ལུགས་ལག་ལེན་ཡོང་ཆེད་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་རྒྱལ་རིགས། རིགས་རྒྱུད་། ཀྲེ་ཙུའུ། (支族)པུའུ་ཙུའུ། (部族)ཙུང་ཙུའུ།(宗族)སོགས་ཀྱི་མིང་ཚིག་བེད་སྤྱད་ནས་གྲངས་ཉུང་མི་རིགས་ཟེར་བ་སྐད་ཡིག རིག་གཞུང། ཆོས་ལུགས། གང་ཅིའི་ཐད་རྒྱ་མི་རིགས་དང་མི་འདྲ་བའི་ཁྱད་ཆོས་མེད་པ་བཟོ་ཐབས་བྱས་ཡོད། མཐའ་མར་ཕྱི་ལོ་ ༡༩༤༧ རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་བྱས་ཏེ། དེའི་ནང་མི་རིགས་ཁག་(各民族)ཟེར་བ་བེད་སྤྱོད་བྱས་ནས་འདྲ་མཉམ་ཡིན་ཁུལ་བྱས་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དུས་འགོའི་སྐབས་སུ་ཡང་རྒྱ་ནག་མི་དམངས་དང་མི་རིགས་ཁག་(中国人民和各民族)ཟེར་བའི་སྤྱི་ཚོགས་རིང་ལུགས་ཀྱི་མིང་ཚིག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ཕྱི་ལོ་ ༡༩༧༦ མའོ་ཙེ་ཏུང་འདས་གྲོངས་ཕྱིན་རྗེས། ཡང་བསྐྱར་ཀྲུང་ཧྭ་མི་རིགས་ཟེར་བས་རྒྱ་ནག་མི་དམངས་དང་མི་རིགས་ཁག་རིམ་པས་ཚབ་བྱས་ཡོད།

མའོ་ཙེ་ཏུང་གིས་གྲལ་རིམ་འཐབ་རྩོད་བེད་སྤྱོད་བྱས་ནས་རྒྱལ་ཁབ་སྐྱོང་བཞིན་མི་རྣམས་གྲལ་རིམ་མང་པོ་ཞིག་ལ་བགོས་ནས་ཕན་ཚུན་དབར་འཐབ་རྩོད་བྱེད་དུ་བཅུག་ཡོད།  དེ་ནི་མིའི་འཁོན་འཛིན་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཞིག་རེད། རིག་གནས་གསར་བརྗེའི་རྗེས་སུ་རྒྱ་གཞུང་གིས་ཡང་བསྐྱར་མི་སེར་རྒྱལ་ཁབ་གོ་མིན་ཏང་སྲིད་གཞུང་གི་ཕམ་ཉེས་སུ་ཕྱིན་ཚར་བའི་ཀྲུང་ཧྭ་མི་རིགས་ཟེར་བའི་མི་རིགས་རིང་ལུགས་ཅན་གྱི་ཐ་སྙད་དེ་ཡར་སྒྲུག་ནས་དམར་ཤོག་ཚོགས་པས་མི་རིགས་རིང་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་འགོ་ཚུགས་ཡོད། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་རྗེས་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད་ལ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཟེར་བའི་ས་ཆའི་སྟེང་མི་རིགས་མཚུངས་བསྒྱུར་གྱི་སྲིད་བྱུས་ཀྱི་མེ་ལྕེ་ཤུགས་ཆེ་རུ་བཏང་ཡོད།

ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་དང་མི་རིགས་མཚུངས་བསྒྱུར་སྲིད་བྱུས།

ཕྱི་ལོ་ ༢༠༡༣ ཞི་ཅིང་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་རྗེས་ཐེངས་མང་གི་བརྗོད་ཚུལ་ནི། ཀྲུང་གོའི་རྨི་ལམ་གྱི་སྤྱིའི་བགོས་གྲངས་(最大公约数)ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་རེད། ཞི་ཅིན་ཕིང་ནི་མི་རིགས་རིང་ལུགས་པ་ཞིག་རེད་ལ། ཡང་དག་པར་བཤད་ན་ཞི་ཅིན་ཕིང་གིས་རྒྱ་ནག་གི་མི་རིགས་རིང་ལུགས་བེད་སྤྱད་ནས་གུང་ཁྲན་ཏང་གི་སྲིད་དབང་ཁྲིམས་མཐུན་དང་སྲ་བརྟན་ཡོང་ཐབས་བྱེད་ཀྱི་ཡོད།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་དང་མི་རིགས་རིང་ལུགས་སྐུལ་སློང་བྱེད་སྐབས། མ་གཞི་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མི་འདོད་པ་དང་ལྷག་པར་རིག་གཞུང་དང་སྐད་ཡིག ཆོས་ལུགས། མི་རིགས་ངོ་བོ་གང་གི་ཐད་ནས་རྒྱ་ནག་དང་མི་རིགས་ཐ་དད་ཡིན་པའི་བོད་མི་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བཀག་རྡོའམ་འགོག་རྐྱེན་དུ་ངོས་འཛིན་དང་རྒྱ་གཞུང་གིས་བཟོད་བསྲན་བྱེད་ཀྱི་མེད།

བྱས་ཙང་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ། ད་དུང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་གཞུང་གི་ལས་ཁུངས་ཡོངས་ཀྱི་སྟོབས་ཤུགས་བེད་སྤྱོད་བྱས་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་ཀྲུང་ཧྭ་མི་རིགས་ལ་ངོས་ལེན་དང་རྒྱ་ནག་གུང་ཁྲན་ཏང་ལ་བརྩི་བཀུར། ད་དུང་ཁ་བྲལ་རིང་ལུགས་ཟེར་བར་ངོས་ལེན་དང་ཆབ་སྲིད་ཐོག་རྒྱ་ནག་གཞུང་གི་ཅི་བཤད་དང་ལེན་བྱ་དགོས།

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་མིང་འོག་རྒྱ་ནག་གུང་ཁྲན་ཏང་གི་སློབ་ཚན་དགོན་སྡེའི་སློབ་ཁྲིད་ནང་བསྣན་ཞིང་། ད་དུང་གྲྭ་བཙུན་གྱིས་རྒྱའི་སྐད་ཡིག་སྦྱོང་དགོས་པ་ནན་པོ་བྱེད་བཞིན་ཡོད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སློབ་གཞི་ཁག་རྒྱ་ཡིག་ནས་སློབ་དགོས། དེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་བོད་སྐད་ཡིག་རྩ་མེད་བཟོ་བཞིན་ཡོད།

ད་དུང་བོད་ཀྱི་ཞིང་འབྲོག་ཁྱོན་ཡོངས་ནང་བོད་པའི་ཕྲུ་གུ་ཁྲི་བརྒྱ་ལས་བརྒལ་བ་མི་སེར་སྤེལ་བའི་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭ་ཟེར་བའི་ནང་བཅུག་པ་དང་།  སློབ་གྲྭའི་གྱང་མཐོ་པོ་དང་དོ་དམ་ནན་པོས་བོད་ཕྲུག་ཚོ་དང་ཕ་མ། རང་གི་སྐད་ཡིག སྲོལ་རྒྱུན་རིག་གཞུང། ཐ་ན་བོད་པའི་སྤྱི་ཚོགས་དང་ཁ་བྲལ་གཏོང་གི་ཡོད། སྔོན་ཨོ་གླིང་དང་ཁ་ན་ཊ་སོགས་ཀྱི་ནང་གདོད་མའི་མི་རིགས་ཀྱི་བུ་ཕྲུག་ཚོ་མི་རིགས་དཀར་པོའི་ཁྱིམ་ཚང་ནང་སྐྱེལ་བའི་མི་སེར་སྤེལ་བའི་མི་རིགས་མཚུངས་བསྒྱུར་གྱི་སྲིད་བྱུས་དང་བྱེད་ཐབས་དེ་འདྲ་བོད་ནང་སྤེལ་ནས་བོད་མིའི་རིག་གཞུང་རྩ་མེད་དུ་བཟོ་ཐབས་བྱེད་བཞིན་ཡོད། རྒྱ་གཞུང་གི་གཞི་རྩའི་དམིགས་ཡུལ་ནི་བོད་ཕྲུག་ཚོ་རང་གི་ཁྱིམ་ཚང་ནས་ཁ་བྲལ། ཁྱིམ་ཚང་གིས་བོད་ཕྲུག་ཚོར་ཆོས་དང་རིག་གཞུང། བོད་སྐད་ཡིག་གི་ཤུགས་རྐྱེན་མེད་པར་བཟོས་ནས་བོད་མི་རྒྱ་བསྒྱུར་མྱུར་དུ་གཏོང་ཆེད་རེད།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༡ ཉིན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཉམས་ཞིབ་ལྟེ་གནས་ཁང་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ནང་བཙུགས་ཡོད། ཟླ་ ༤ ཚེས་ ༧ ཉིན། ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་དང་ནམ་ཡང་ཏང་མཉམ་དུ་བསྐྱོད་ཟེར་བའི་ན་གཞོན་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་གི་འདུ་ཤེས་ཟབ་ཏུ་གཏོང་བའི་བགྲོ་གླེང་ཚོགས་ཆེན་ལྷ་སར་འཚོགས་ཡོད། ཟླ་ ༦ ཚེས་ ༡༤ ཉིན། བོད་རང་སྐྱོངས་ལྗོངས་ནང་སློབ་གྲྭ་ཁྱོན་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་སློབ་ཚན་ནང་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཡོད། ཕྱོགས་མཚུངས་བོད་ཀྱི་ས་གནས་མང་པོར་ཀྲུང་ཧྭ་མི་རིགས་གཅིག་གི་འདུ་ཤེས་སྲ་བརྟན་གཏོང་བ་ཟེར་བའི་ཚོགས་འདུ་ཚོགས་པ་དང་བགྲོ་གླེང་བྱེད་པ། རྩོམ་ཡིག་འགྲན་བསྡུར་བྱེད་པ་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་པ་རེད།

རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཆ་དེའི་ནང་། མུ་མཐུད་ནས་ཀྲུང་ཧྭ་མི་རིགས་གཅིག་གི་འདུ་ཤེས་སྲ་བརྟན་གཏོང་བའི་མཐོང་ཚོར་གཟུགས་བརྙན་གསར་བཟོ། ཀྲུང་ཧྭ་རིག་གཞུང་ཅན་གྱི་སྤྱི་གླིང་བཟོ་སྐྲུན། ཀྲུང་ཧྭ་རིག་གཞུང་སྔ་ཕྱི་བར་དུ་བོད་ཀྱི་མི་རིགས་ཁག་གི་བློ་སེམས་གོང་བུར་འགྲིལ་བ། མཐུན་སྒྲིལ་མདུན་སྐྱོད་ཀྱི་འདུ་ཤེས་འབྲེལ་ཐག་སྟོབས་ཤུགས་ཆེན་པོ་ཆགས་དགོས་ཞེས་ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་ནི་དེང་སྐབས་རྒྱ་ནག་གིས་བོད་ནང་ལས་དོན་གྱི་གལ་གནད་ཆེ་ཤོས་ཤིག་ཡིན་པ་ཤེས་གསལ་རེད། འོ་ན་རྒྱ་ནག་མེ་སེར་རྒྱལ་ཁབ་སྐབས་སུ་ཕམ་ཉེས་སུ་གྱུར་ཟིན་པའི་ཀྲུང་ཧྭ་མི་རིགས་ཟེར་བའི་མི་རིགས་ལྟ་ཚུལ་རྫུན་མ་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྒྲུབ་སྲིད་དམ།

རང་རིགས་མིན་ན་སེམས་ཀྱང་གཅིག་པ་མིན་ (《左传》曰: “非我族类,其心必异”)

བྱས་ཙང་རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པར་བསམ་བློའི་རིན་ཐང་གི་ཚད་བཟུང་ས་དེར་ཕོག་ཐུག་གཏོང་བའི་རྣམ་པའི་ཐོག་ནས་གྲངས་ཉུང་མི་རིགས་ཀྱིས་ཁོ་ཚོར་ལྷག་བསམ་རྣམ་དག་ཡིན་པ་མངོན་པ་བྱེད་དགོས། དཔེར་ན་བོད་ནང་ཁྱིམ་ཚང་མི་རེ་ངོ་རེས་རྒྱ་ནག་འགོ་འཁྲིད་ཀྱི་འདྲ་པར་དང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས། ད་དུང་༸གོང་ས་མཆོག་ལ་མཚན་དམོད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱ་ནག་གི་སྲིད་དབང་ལ་ལྷག་བསམ་རྣམ་དག་ཡིན་པ་སྟོན་དགོས། རྣམ་པ་དེ་འདྲ་ལོ་ངོ་ ༧༠ ཧྲིལ་པོར་སྟོན་དུ་བཅུག་ཀྱང་ད་དུང་མུ་མཐུད་འཁྲབ་སྟོན་བྱེད་དགོས།

ཞི་ཅིན་ཕིང་སྲིད་གཞུང་གིས་དེང་དུས་ཚན་རྩལ་ཅན་གྱི་དབང་སྡེམ་རིང་ལུགས་(高科技极权主义)འོག བོད་ནང་བོད་མི་ཚོར་ཐོབ་ཐང་དཔང་ཡིག་མེད་ཚེ་གོམ་པ་གང་ཡང་སྤོ་ས་མེད། དྲྭ་མིག་ཅན་གྱི་དོ་དམ། (网格化管理)གྲོང་ཚོ་དང་དགོན་སྡེ་བཅའ་སྡོད་ལས་དོན་ཚོགས་ཆུང་། (驻村驻寺工作组)གང་སར་མཐོང་བའི་དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ (便民警务站)དང་ལྟ་སྲུང་བརྙན་མིག ད་དུང་དྲྭ་ཐོག་ཐེར་འདོན་མ་ལག་(网络举报系统)དང་ཡིད་ཆེས་དང་སྙན་གྲགས་བསྡུ་རུབ་མ་ལག་(征信系统)སོགས་ཀྱི་སྲིད་ཇུས་འོག བོད་མི་རེ་རེའི་ཟས་གོས་འགྲོ་སྡོད་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད། དུས་མཚུངས་རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཚོགས་དང་མི་དབར་གྱི་དྲང་བདེན་དང་ཡིད་ཆེས་གཏོར་བཤིག་གཏོང་བཞིན་ཡོད། བོད་ནང་སྤྱི་ཡོངས་ཀྱི་སྤྱི་ཚོགས་ཧ་ཅང་བཙན་གནོན་འོག་གནས་ཡོད་དེ་ནི་གཟུགས་མེད་ཀྱི་བཙོན་ཁང་ཞིག་དང་འདྲ་ཞིང་།  རྒྱ་གཞུང་གིས་བོད་མི་ཚོའི་འཇིགས་སྣང་ལ་བརྟེན་ནས་བོད་མི་ཚོར་ཚོད་འཛིན་བྱེད་ཀྱི་ཡོད།

དེང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཟས་གོས་འགྲོ་སྡོད་ཁྱོན་ཡོངས་ཚོད་འཛིན་བྱེད་བཞིན། མི་རེ་ངོ་རེ་འཇིགས་སྣང་གི་ཁོར་ཡུག་ནང་འཚོ་གནས་བྱེད་དགོས་པས་ཚང་མས་སྐད་ཆ་བཤད་མི་ཕོད་པ། སོ་སོའི་དངོས་ཡོད་ཀྱི་བསམ་ཚུལ་བརྗོད་མི་ཕོད། འོན་ཀྱང་གནས་སྟངས་དེས་བོད་མི་ཚོའི་སེམས་ནང་རྒྱ་གཞུང་ལ་ངོས་ལེན་ཡོད་པ་མཚོན་གྱི་མེད། བོད་ཀྱི་སྐད་ཡིག་དང་རིག་གཞུང། ཆོས་དད། མི་རིགས་ཀྱི་ངོས་འཛིན་གང་ཅིའི་ཐད་རྩ་གཏོར་བཟོ་བའི་བཙན་གནོན་སྲིད་ཇུས་དེ་འདྲ། བྱ་དངོས་ཡང་རྩེར་འཕེལ་བ་ན། ལྡོག་པའི་ཕྱོགས་སུ་འགྱུར་བར་ངེས་ཞེས་པ་ལྟར་བོད་མི་ཚོས་རྒྱ་གཞུང་ལ་དེ་བས་མི་དགའ་བ་དང་སུན་སྣང་སྐྱེ་ངེས་རེད། དེ་འདྲའི་མི་དགའ་བའི་བསམ་ཚུལ་ཚད་མཐོར་སླེབས་ཚེ་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་སྲིད། དེ་དུས་རྒྱ་གཞུང་ནས་ད་དུང་དཔལ་འབྱོར་འགྲོ་གྲོན་འཕར་མ་ཞིག་བཏང་ནས་དྲག་གནོན་བྱེད་ངེས་རེད། འདི་འདྲའི་ཁེ་གྱོང་མགོ་མ་ཐུག་པའི་གནས་སྟངས་དེ་རྒྱུན་ཆད་མེད་པར་རེས་འཁོར་ཐེབས་སྲིད།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese