མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བར་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་འབུམ་རམས་པ་ཧན་སི་གྷར་ཊི་པོ་ཊི་རེན་ལགས་སུ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་ཟུར་བ་འབུམ་རམས་པ་ཧན་སི་གྷར་ཊི་པོ་ཊི་རེན་ (Dr. Hans-Gert Pottering) ལགས་སུ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ཉིན། 
སྐུ་པར་གྱི་བདག་དབང་། དགའ་ལྡན་ཕོ་བྲང་ཡིག་ཚང་

དེ་ཡང་༧གོང་ས་མཆོག་གི་མཇལ་ཁའི་སྐབས་འབུམ་རམས་པ་ཧན་སི་གྷར་ཊི་པོ་ཊི་རེན་ (Dr. Hans-Gert Pottering) ལགས་ཀྱིས། ལོ་ངོ་བཅོ་ལྔའི་རྗེས་ནས་ང་སྐུ་ཉིད་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྐུ་ཉིད་ཕྱི་ཟླ་ ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་སུ་ཕེབས་པ་རེད། ང་ཚོར་མཇལ་བཅར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་པ་དང་བསྟུན། སྐུ་ཞབས་ཁོང་གི་མི་ཚེ་ལོ་རྒྱུས་འཁོད་པའི་དཔེ་དེབ་ཅིག་༧གོང་ས་མཆོག་ལ་ངོ་སྤྲོད་གནང་སོང་བ་མ་ཟད། ཁོང་གིས་མུ་མཐུད་དུ། ང་རང་ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་ཡིན་དུས། ངེད་གཉིས་ངའི་ལས་ཁུངས་སུ་ཐུག་པ་དང་། སྐབས་དེར་སྐུ་ཉིད་ནས་ངེད་གཉིས་བློ་མཐུན་ཡིན་གསུངས་བྱུང་། ངས་ང་བློ་མཐུན་གྲོགས་ལ་དགའ་པོ་མེད། ངེད་གཉིས་གྲོགས་པོ་ཡིན་ལབ་ནས་ངེད་གཉིས་གྲོགས་སུ་གྱུར་བ་རེད། ཅེས་སོགས་གསུངས་སོང་།

ཡང་སྐུ་ཞབས་ཧན་སི་གྷར་ཊི་པོ་ཊི་རེན་ལགས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་དུས། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༤ ཉིན་༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་སྐབས།  དེ་རིང་ཁྱེད་རྣམ་པའི་མདུན་གཏམ་བཤད་བྱེད་རྒྱུ་ནི་ཆེ་མཐོང་བླ་མེད་ཅིག་དང་དགའ་སྤོབས་ཆེན་པོ་བྱུང་བས་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ས་ཕྱོགས་གང་དུ་སོང་ཡང་སེམས་པ་བཟང་པོ་བྱེད་རྒྱུ་སོགས་མིའི་བཟང་སྤྱོད་སྤེལ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་ཤིག་ལ་བརྩིས་ཀྱི་ཡོད། དེ་ནི་གང་ཟག་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་ལ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་བསམ་གྱི་ཡོད། ང་ཚོ་དེང་རབས་ཀྱི་སྤྱི་ཚོགས་སུ་ནང་གི་རིན་ཐང་དེ་དག་ལ་དོ་སྣང་བྱེད་རྒྱུ་འདེང་གི་མི་འདུག་སྙམ། དེ་དག་གོང་སྤེལ་གཏོང་རྒྱུ་ནི་ངའི་ལས་འགན་དང་པོར་ངོས་འཛིན་བྱེད་ཀྱི་ཡོད།

ངོས་ཀྱིས་དོ་སྣང་བྱ་ཡུལ་དང་ལས་འགན་གཉིས་པ་ནི་ཆོས་ལུགས་ཕན་ཚུན་དབར་མཐུན་ལམ་སྤེལ་རྒྱུ་དེ་ཡིན། ང་ཚོས་ཆབ་སྲིད་དང་མང་གཙོའི་ལམ་ལུགས་ནང་སྣ་མང་ཅན་དགོས་པར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་ཆོས་ལུགས་དད་མོས་སྣ་མང་ཅན་བྱེད་རྒྱུར་ཡང་ཡང་ཐེ་ཚོམ་བྱེད་ཀྱི་ཡོད། ལྟ་བ་དང་གྲུབ་མཐའ་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར་ཆོས་ལུགས་ཚང་མར་བྱམས་པ་དང༌། བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་གཅིག་མཚུངས་ཡོད་པ་དང༌། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་རྒྱུའི་ནུས་པ་གཅིག་མཚུངས་ཡོད། དེར་བརྟེན་གནད་དོན་འདི་གཉིས་ནི་ངའི་དོ་སྣང་དང་ལས་འགན་གཙོ་བོ་གཉིས་དེ་ཡིན།

བོད་ཀྱི་གནད་དོན་ཐད་ངོས་ལ་དམིགས་བསལ་འབྲེལ་བ་ཡོད་པ་ནི་གསལ་པོ་རེད། བོད་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་མི་ཚོས་ངོས་ལ་མུ་མཐུད་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་སྟབས་ངོས་ལ་དམིགས་བསལ་གྱི་ལས་འགན་ཡོད། བོད་མིའི་བདེ་དོན་ནི་ངའི་རྒྱུན་ལྡན་གྱི་ཀུན་སློང་ཞིག་ཡིན་ལ། ངོས་རང་རང་དབང་ལུང་པར་ཡོད་པའི་ཁོ་ཚོའི་མགྲིན་ཚབ་པ་ཞིག་ཡིན་པར་བསམ་གྱི་ཡོད།

དེ་སྔོན་ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༢༤ ཉིན་ཡུ་རོབ་གྲོས་ཚོགས་སུ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་དུས་ངས་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ཡར་རྒྱས་ཕྲན་བུ་བྱུང་མིན་ལ་མ་ལྟོས་པར་བོད་ཆགས་འཇིག་གི་གཞི་རྩའི་ཉེན་ཁ་མུ་མཐུད་འཕྲད་བཞིན་པ་དང༌། བོད་རྒྱ་ཁྱབ་ཏུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་འགྲོ་བཞིན་ཡོད། དེ་ཡང་མང་ཆེ་བ་མི་རིགས་དང༌། ལེགས་བྱང་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད། དེ་ནི་དཀའ་ངལ་གཏིང་ཟབ་ཅིག་ཡོད་པའི་རྟགས་མཚན་དང་མཇུག་འབྲས་ཤིག་རེད། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་ལེགས་བྱང་ཁ་བྲལ་གྱི་ཉེན་ཁའི་གཞི་རྩ་ཡིན་པར་བལྟ་ཞིང༌། དེར་བརྟེན་ཆེད་དུ་གཉེར་བའི་སྲིད་བྱུས་དེ་དག་གི་དབང་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད། ཅེས་ཞུས་ཡོད།

འདི་ལོ་ཟླ་བ་གསུམ་པ་ནས་བཟུང་མཐོ་སྒང་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་ཉེ་རིང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད། རང་གི་ཚེ་སྲོག་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པ་གསལ་པོ་ཤེས་བཞིན་དུ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་གནས་པའི་བོད་མི་སྐྱ་སེར་དང༌། ཕོ་མོ། རྒན་གཞོན། ཆོས་དད་ཡོད་མེད་བཅས་ཀྱི་དབྱེ་བ་མེད་པར་ཐ་ན་སློབ་ཕྲུག་ཚུན་ཆད་མཉམ་རུབ་ཐོག་མ་བསྐུལ་དང་བླངས་ཀྱི་སྒོ་ནས་བློ་ཁོག་ཆེན་པོའི་ངང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཡིད་མུག་དང༌། འདོད་བློ་མི་ཁེངས་པ། དངོས་ཡོད་དཀའ་སྡུག་རྣམས་གསལ་བཏོན་བྱས་ཡོད། བོད་རྒྱ་མི་རིགས་གཉིས་ཀའི་ཚེ་སྲོག་ཤོར་བར་ངོས་རང་བློ་ཕམ་ཚད་མེད་བྱུང་བས་འཕྲལ་དུ་རྒྱ་གཞུང་དབང་འཛིན་པ་ཚོར་ཚོད་འཛིན་གནང་བའི་འབོད་སྐུལ་བྱས་པ་ཡིན། བོད་ནང་བྱུང་བའི་ཉེ་ཆར་གྱི་བྱུང་རྐྱེན་དེ་དག་ངས་བྱུས་བཀོད་བྱས་པ་ཡིན་ཚུལ་ཉེས་འཛུགས་བྱེད་ཀྱི་ཡོད་སྟབས་རང་དབང་ལྡན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་གང་རུང་གིས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་འབོད་སྐུལ་ཡང་ཡང་བྱས་པ་ཡིན། ཞིབ་འཇུག་པ་རྒྱ་གར་རྡ་རམ་ས་ལར་ཡོང་ནའང་ཆོག་ཅིང༌། གལ་སྲིད་རྒྱ་ནག་གཞུང་ལ་ཉེས་འཛུགས་ཆེན་པོ་འདི་འདྲ་བྱེད་རྒྱུའི་དན་རྟགས་ཡོད་ན་འཛམ་གླིང་མདུན་ངེས་པར་དུ་གསལ་པོ་བཟོ་དགོས་པ་ཡིན།

བློ་ཕམ་པར་འཛམ་གླིང་གི་དབུ་ཁྲིད་མང་པོ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣ་མང་པོས་འཚེ་བའི་ཐབས་ལམ་མི་བྱེད་པ་དང༌། ཚོད་འཛིན་དགོས་པའི་འབོད་སྐུལ་རིམ་པ་བྱས་པར་ལྟོས་མེད་ཀྱིས་རྒྱ་གཞུང་དབང་འཛིན་པ་ཚོས་མུ་མཐུད་གདུག་རྩུབ་དྲག་གནོན་གྱི་ཐབས་ལམ་ལག་བསྟར་བྱས་ཤིང༌། དེའི་དབང་གིས་བོད་མི་ཧ་ཅང་མང་པོ་བསད་པ་དང༌། སྟོང་ཕྲག་མང་པོར་རྨས་སྐྱོན་དང་བཀག་ཉར་བྱས་པ། མང་པོ་ཞིག་གི་གནས་སྟངས་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད། ད་ལྟ་ངོས་རང་ཁྱེད་ཚོའི་མདུན་ཡོད་པའི་སྐབས་འདིར་ཡང་བོད་ཀྱི་ས་ཆ་མང་པོར་དྲག་ཆས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཡོད་མུས་རེད། བོད་ཀྱི་ས་ཁུལ་མང་པོར་བོད་མི་ཚོ་དྲག་པོའི་ཁྲིམས་གཞི་བསྡམ་པ་ལྟ་བུའི་གནས་སྟངས་འོག་མུ་མཐུད་དཀའ་སྡུག་མྱོང་གིན་ཡོད། ཕྱོགས་ཐམས་ཅད་ལ་དངངས་འཚབ་དང་འཇིགས་སྣང་གི་ཁོར་ཡུག་གིས་ཁྱབ་ཡོད། ག་དུས་འཛིན་བཟུང་བྱེད་ཡོང་སྙམ་པའི་འཇིགས་སྣང་ངང་མུ་མཐུད་གནས་ཀྱི་ཡོད། རྒྱལ་སྤྱིའི་ལྟ་རྟོག་པ་དང་གསར་འགོད་པ་མེད་པ་མ་ཟད། ཐ་ན་ཡུལ་སྐོར་སྤྲོ་འཆམ་པ་ཚུན་བོད་ནང་གཏོང་གི་མེད་སྟབས་བོད་མི་ཚོའི་གནས་སྟངས་ཐད་ངོས་ལ་སེམས་འཚབ་ཆེན་པོ་ཡོང་གི་འདུག ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་གང་བྱེད་ཆགས་ཡོད། དེ་ནི་བོད་མིའི་སྙིང་སྟོབས་རྩ་མེད་གཏོང་ཆེད་བོད་མི་ཚོར་སྲོག་ཐོག་ཀྱི་ཁྲིམས་ཆད་ཕོག་པ་དང་འདྲ་བར་གྱུར་ཡོད།

བོད་ཀྱི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་གཉིས་མོས་འགྲིག་ཆགས་ཡོང་ཆེད་ངོས་ནས་མུ་མཐུད་འབད་རྩོལ་ཇི་བྱས་བཀུར་འོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མང་པོས་མཁྱེན་གསལ་རེད། དེ་འདྲའི་བསམ་ཚུལ་གྱིས་ཕྱི་ལོ་ ༡༩༨༨ ལོར་སི་ཏྲས་སྦག་ཡུ་རོབ་གྲོས་ཚོགས་སུ་ངོས་ནས་ཁ་བྲལ་ལམ་རང་བཙན་མ་ཡིན་པའི་གྲོས་མོལ་བྱེད་དགོས་པའི་གཞུང་འབྲེལ་གྱི་གྲོས་འཆར་བཏོན་པ་ཡིན། དེ་ནས་བཟུང་རྒྱ་ནག་གཞུང་དང་མཉམ་ང་ཚོའི་འབྲེལ་བར་འཕོ་འགྱུར་སྣ་ཚོགས་བྱུང་ཡོད། ལོ་བཅུ་ལ་ཉེ་བའི་རིང་འབྲེལ་བ་ཆད་རྗེས་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གཞུང་གི་དབུ་ཁྲིད་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་ཡོད། ངའི་ངོ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་ཚོའི་དབར་གྲོས་བསྡུར་ཞིབ་རྒྱས་བྱུང་ཞིང༌། གྲོས་བསྡུར་དེ་དག་གི་སྐབས་བོད་མིའི་མངོན་འདོད་ཇི་ཡིན་འགྲེལ་བརྗོད་གསལ་པོ་བྱས་ཡོད། ངོས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྙིང་དོན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་རྒྱུ་དེ་རེད།

འདི་ལོ་པེ་ཅིང་དུ་ཟླ་ ༧ ཚེས་ ༡ དང་ ༢ ཉིན་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ཕྱོགས་ནས་ང་ཚོའི་ངོས་ནས་རང་སྐྱོང་གི་བསམ་ཚུལ་ཇི་ཡོད་གསལ་བཤད་དགོས་པའི་འབོད་སྐུལ་བྱས་པ་ལྟར། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་ང་ཚོས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ཡིན། བསམ་འཆར་ནང་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཇི་ཡིན་དང༌། རང་སྲིད་རང་སྐྱོང་དང་འབྲེལ་བའི་བོད་མིའི་གཞི་རྩའི་དགོས་མཁོ་ཁག་ཇི་ལྟར་བསྐང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། ང་ཚོས་བསམ་འཆར་འདི་དག་བོད་ཀྱི་དངོས་ཡོད་དཀའ་རྙོག་སེལ་ཐབས་ཁོ་ནར་དམིགས་ནས་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན། ཕྱོགས་གཉིས་བར་ལྷག་བསམ་རྣམ་དག་བྱུང་ན་ང་ཚོའི་བསམ་འཆར་ནང་གསལ་བའི་གནད་དོན་ཁག་ལག་བསྟར་བྱེད་ཐུབ་ངེས་ཡིན་པའི་གདེང་ཚོད་ཡོད།

འོན་ཀྱང་སྟབས་མ་ལེགས་པར་རྒྱ་ཕྱོགས་ཀྱིས་ང་ཚོའི་འབད་རྩོལ་འདི་དག་ཕྱེད་རང་བཙན་དང༌། མངོན་པར་མི་གསལ་བའི་རང་བཙན་ཡིན་ཚུལ་གྱི་མིང་འདོགས་བྱས་ནས་བསམ་འཆར་ཆ་ཚང་རྩིས་མེད་དང༌། ངོས་ལེན་ཐུབ་ཐབས་མེད་པར་བཤད་པ་མ་ཟད། ང་ཚོའི་བསམ་འཆར་ནང་རང་སྐྱོང་ས་གནས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་བོད་ནང་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང༌། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་ཐོབ་ཐང་ངོས་འཛིན་དགོས་སྐོར་ཞུས་པར་མི་རིགས་གཙང་སེལ་བྱེད་འདོད་ཡིན་ཚུལ་གྱི་ཉེས་འཛུགས་བྱེད་ཀྱི་ཡོད།

ང་ཚོའི་བསམ་འཆར་ནང་བོད་རིགས་མ་ཡིན་པ་རྣམས་ཕྱིར་འབུད་གཏོང་རྒྱུ་ང་ཚོའི་དམིགས་ཡུལ་མ་ཡིན་པ་གསལ་པོ་བཤད་ཡོད། ང་ཚོའི་སེམས་འཚབ་བྱེད་གཞི་ནི་རྒྱ་རིགས་གཙོ་བོར་གྱུར་པའི་མི་རིགས་གཞན་འབོར་ཆེན་བོད་ཀྱི་ས་ཁུལ་ནང་ཆེད་དུ་གཉེར་ནས་སྤོ་ཤུགས་བྱས་པའི་དབང་གིས་བོད་མི་རྣམས་རང་གི་ལུང་པར་གྲངས་ཉུང་ཆགས་པ་དང༌། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལའང་ཉེན་ཚབས་བཟོ་བཞིན་པ་དེ་རེད། མི་འབོར་སྤོ་ཤུགས་ཀྱི་དབང་གིས་མི་འབོར་ལ་འགྱུར་བ་ཆེན་པོ་ཕྱིན་པར་བརྟེན་བོད་རིགས་རྣམས་རྒྱ་རིགས་དང་མཉམ་ཆིག་བསྒྲིལ་ཡོང་རྒྱུའི་ཚབ་ཏུ་རང་གི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་ངོ་བོ་རིམ་བཞིན་རྩ་བརླག་ཕྱིན་བའི་སྒོ་ནས་རྒྱ་རིགས་ཆེན་པོའི་ནང་ཐིམ་འགྲོ་རྒྱུ་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་མན་ཇུ་དང༌། ནང་སོག དེ་བཞིན་ཤར་ཏུར་ཀིས་ཊན་གྱི་མི་རིགས་བཅས་ཀྱི་གནས་སྟངས་ནི་རྒྱ་རིགས་གྲངས་མང་མི་རིགས་འབོར་ཆེན་སྤོ་ཤུགས་བྱས་པས་གྲངས་ཉུང་མི་རིགས་ཐོག་ཚབས་ཆེའི་དོ་ཕོག་ཇི་བཟོས་ཀྱི་དཔེ་མཚོན་གསལ་པོ་ཡིན། ད་ལྟའི་ཆར་མན་ཇུའི་སྐད་དང༌། ཡི་གེ ལེགས་བྱང་བཅས་པ་རྩ་བརླག་ཕྱིན་ཟིན་པ་རེད། ནང་སོག་ནང་ད་ཆ་ཁྱོན་བསྡོམས་མི་འབོར་ས་ཡ་ ༢༤ ཡོད་པ་ནས་སོག་རིགས་བརྒྱ་ཆ་ ༢༠ ལས་མེད།

རྒྱ་གཞུང་གི་མཁྲེགས་བཟུང་ཅན་གྱི་དབང་འཛིན་པ་རེ་ཟུང་གིས་ལྡོག་ཕྱོགས་ཀྱི་གཏམ་བཤད་སྤེལ་མིན་ལ་མ་ལྟོས་པར་ང་ཚོའི་བསམ་འཆར་གྱི་འདྲ་བཤུས་རྣམ་པ་ཚོར་ཕུལ་ཡོད་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང༌། ས་ཁྱོན་གཅིག་གྱུར་དང་འབྲེལ་བའི་རྒྱ་ནག་གཞུང་གི་སེམས་འཚབ་ཁག་ལ་ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་གསལ་བཤད་བྱས་ཟིན་པ་གསལ་པོ་མཐོང་ཐུབ། བསམ་འཆར་ནང་འགྲེལ་བརྗོད་གསལ་པོ་ཡོད་པས། འདིའི་ཐད་ཁྱེད་ཚོའི་དགོངས་ཚུལ་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།

ངས་གོ་སྐབས་འདི་བརྒྱུད་བོད་རྒྱ་མི་རིགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ཆེད་གང་མགྱོགས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་ཡུ་རོབ་མཐུན་ཚོགས་དང༌། གྲོས་ཚོགས་ཀྱིས་རྒྱ་ནག་གི་དབང་འཛིན་པ་ཚོར་ཐབས་ཤེས་ཡོད་རྒུས་སྐུལ་ལྕག་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ང་ཚོས་འཚེ་བའི་ཐབས་ལམ་ལ་བསྟེན་ནས་འཐབ་རྩོད་བྱེད་རྒྱུར་ངས་མཐའ་གཅིག་ཏུ་དགག་བྱ་བྱེད་ཀྱི་ཡོད་ཀྱང༌། ང་ཚོར་ཆབ་སྲིད་ཀྱི་གདམ་ཁ་གཞན་ཇི་ཡོད་ཆ་ཚང་རྟོག་ཞིབ་བྱེད་རྒྱུའི་ཐོབ་ཐང་ངེས་པར་དུ་ཡོད། མང་གཙོའི་ལམ་ལུགས་དང་མཐུན་པར་བོད་དང་བོད་མིའི་གནས་སྟངས་དང༌། འབྱུང་འགྱུར་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་ཇི་དགེའི་སྐོར་གྲོས་བསྡུར་བྱེད་ཆེད་ངོས་ནས་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་བྱས་པ་ཡིན། ཚོགས་ཆེན་དེ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་རྒྱ་གར་རྡ་རམ་ས་ལར་ཚོགས་པ་རེད། ང་ཚོའི་འབད་རྩོལ་ཁག་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱས་པ་དེས་བོད་མི་མང་པོས་རྒྱ་ནག་གཞུང་ལ་གཉིས་མོས་འགྲིག་ཆགས་འཚོལ་འདོད་ཨེ་ཡོད་སྙམ་པའི་དྭོགས་པ་ཡོད་པ་དེ་དག་ཤུགས་ཆེ་རུ་བཏང་ཡོད། རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་དྲག་ཤུགས་ཀྱི་ཐབས་ལམ་དང༌། བོད་དེ་རྒྱ་ནག་གི་ནང་ཆ་ཚང་སིམ་ཐབས་བྱེད་ཀྱི་ཡོད་པ་བོད་མི་མང་པོས་མུ་མཐུད་བསམ་གྱིན་ཡོད། དེར་བརྟེན་ཁོ་ཚོས་བོད་རང་བཙན་དགོས་པ་བཤད་ཀྱི་ཡོད། ཁ་ཤས་ཀྱིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང༌། བོད་ནང་མང་མོས་འོས་བསྡུ་བྱེད་དགོས་པ་བཤད་ཀྱི་ཡོད། དེ་འདྲའི་བསམ་ཚུལ་འདྲ་མིན་བྱུང་མིན་ལ་མ་ལྟོས་པར་དམིགས་བསལ་ཚོགས་ཆེན་ལ་ཕེབས་པའི་འཐུས་མི་ཚོས་སྤྱི་མོས་ཀྱི་ལམ་ནས་འབྱུང་འགྱུར་བོད་ཀྱི་སྲིད་བྱུས་འཛིན་ཕྱོགས་ཇི་དགེ་བོད་དང༌། རྒྱ་ནག རྒྱལ་སྤྱིའི་གནས་བབ་དང་འགྱུར་བར་གཞིགས་ཏེ་ངོས་ནས་ཐག་གཅོད་ཇི་བྱེད་ལ་མོས་མཐུན་བྱེད་རྒྱུའི་ཐག་གཅོད་བྱས་འདུག བོད་ནང་གི་བསམ་འཆར་ཁག་ཅིག་བསྡུ་རུབ་བྱས་པ་རྣམས་ཚུད་པའི་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་དང་འཐུས་མི་དྲུག་བརྒྱ་ལ་ཉེ་བའི་བསམ་འཆར་ཁག་ལ་ངས་བསམ་ཞིབ་བྱེད་ཀྱི་ཡིན།

ངོས་རང་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་ཆེན་པོ་བྱེད་མཁན་ཞིག་ཡིན། དེར་བརྟེན་ངོས་ནས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུའི་སྐུལ་ལྕག་མུ་མཐུད་བྱས་པ་ཡིན། ད་ལྟའི་ཆར་བོད་མི་བཙན་བྱོལ་བ་རྣམས་ནི་ཁྲིམས་བཟོ་དང༌། ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་བཅས་མང་གཙོའི་ཀ་བ་གསུམ་ཀ་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཉུང་ཤས་ཡོད་པའི་ནང་ནས་གཅིག་ཡིན་སྲིད། ཕྱི་ལོ་ ༢༠༠༡ ལོར་ང་ཚོས་ཡང་བསྐྱར་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱས་ནས་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པ་རེད།

བོད་ཀྱི་འབྱུང་འགྱུར་སྐོར་མཐའ་མའི་ཐག་གཅོད་བོད་རྒྱ་ཆེའི་མང་ཚོགས་ནས་བྱེད་དགོས་པ་ངས་རྒྱུན་དུ་བསམ་གྱི་ཡོད། རྒྱ་གར་གྱི་སྲིད་བློན་དང་པོ་པཎྜིཏ་ནེཧ་རུས་ཕྱི་ལོ་ ༡༩༥༠ ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་གྲོས་ཚོགས་སུ་བསྩལ་བའི་གསུང་བཤད་ནང་ བྱབྱབོད་ཀྱི་སྐོར་མཐའ་མའི་ཐག་གཅོད་བོད་མི་ཚོས་བྱེད་དགོས་པ་མ་གཏོགས་གཞན་སུས་ཀྱང་བྱེད་མི་ཐུབ་བྱབྱ ཅེས་གསུངས་ཡོད།

བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནས་སྟངས་ལས་བརྒལ་ནས་གནད་དོན་གཞན་མང་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་ན་གནས་ཡོད། ལོ་བརྒྱ་ཕྲག་མང་པོའི་རིང་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱི་དབར་བར་གནས་ས་ཁུལ་ལྟ་བུར་གནས་ཡོད། འོན་ཀྱང་ཕྱི་ལོ་ ༡༩༦༢ ལོ་སྟེ་བོད་ཞི་བའི་བཅིངས་བཀྲོལ་ཟེར་བའི་ལོ་ཤས་རྗེས་ཨེ་ཤི་ཡའི་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་དམག་འཁྲུག་དང་པོ་དེ་བྱུང་བ་རེད། དེས་གང་གསལ་པོ་མཚོན་ཞེ་ན། ཨེ་ཤི་ཡའི་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་གཉིས་བར་ཡིད་ཆེས་དང་མཛའ་མཐུན་བརྟན་པོ་ཡང་དག་པ་ཞིག་ཡོང་བར་བོད་ཀྱི་གནད་དོན་དེ་དྲང་བདེན་གྱི་སྒོ་ནས་འགྲིག་ཆགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མཚོན་གྱི་ཡོད། བོད་ཀྱི་གནད་དོན་དེ་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་དང་ཡང་འབྲེལ་བ་ཡོད། ཚན་རིག་པ་ཁག་ཅིག་གིས་དེ་ནི་མི་འབོར་ས་ཡ་སྟོང་ཕྲག་ཁ་ཤས་ཡོད་པའི་ཨེ་ཤི་ཡ་ཕལ་ཆེ་བར་འབྲེལ་བ་ཡོད་པའི་སྡོམ་ཚིག་བརྒྱབས་ཡོད། བོད་ཀྱི་མཐོ་སྒང་ནི་ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་མང་པོའི་འབྱུང་ཁུངས་ཡིན། བོད་ཀྱི་འཁྱགས་རོམ་ནི་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཛམ་གླིང་གི་འཁྱགས་རོམ་མང་ཤོས་དེ་ཆགས་ཡོད། ཁོར་ཡུག་སྲུང་སྐྱོབ་པ་ཁག་ཅིག་གིས་བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་ཀྱང་བརྗོད་ཀྱིན་ཡོད། གལ་སྲིད་ད་ལྟའི་ཚ་དྲོད་འཕར་ཚད་དེ་མུ་མཐུད་གནས་ན་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་ནང་སེང་གེ་ཁ་འབབ་ཀྱི་ཆུ་རྒྱུན་སྐམ་སྲིད་པ་རེད། ལྷག་དོན་བོད་ཀྱི་གནའ་བོའི་ལེགས་བྱང་ནི་བྱམས་པ་དང་འཚེ་བ་སྤངས་པའི་ནང་པའི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ཡིན་སྟབས། བོད་མི་ས་ཡ་དྲུག་ཙམ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཡོངས་དང༌། སོག་ཡུལ། ཨུ་རུ་སུའི་ཁོངས་ཀལ་མིཀ་དང་སྦུར་ཡཌ་མི་སེར་རྒྱལ་ཁབ་བཅས་མི་འབོར་ས་ཡ་བཅུ་གསུམ་བརྒལ་བ་དང༌། དེ་བཞིན་འཛམ་གླིང་ཞི་བདེར་སྨན་པའི་ཞབས་ཞུ་བྱེད་རྒྱུའི་ནུས་པ་ཡོད་པའི་ལེགས་བྱང་འདིར་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བཞིན་པའི་རྒྱ་རིགས་སྤུན་ཟླ་ཚོ་དང་ཡང་འབྲེལ་བ་ཡོད།

ངོས་ཀྱི་བྱེད་སྟངས་ནི་རེ་བ་བཟང་ས་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་རྒྱུ་དེ་ཡིན། དེའི་དབང་གིས་ངོས་ནས་བོད་མི་ཚོར་བཙན་བྱོལ་ནང་གཞོན་སྐྱེས་ཚོའི་སློབ་སྦྱོང་ཐོག་ནུས་ཤུགས་བསྒྲིལ་རྒྱུ་དང༌། མེས་པོ་གོང་མ་ནས་བརྒྱུད་པའི་ལེགས་བྱང་ཕྱུག་པོ་ཡོད་པ་དེ་དག་སྲུང་སྐྱོབ་བྱེད་ཆེད་བཙན་བྱོལ་ནང་ཆོས་དང་ལེགས་བྱང་གི་ལྟེ་གནས་སྲ་བརྟན་བཟོ་རྒྱུ། བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་སྒྲིག་འཛུགས་དང་ཞི་བའི་སྤྱི་ཚོགས་སྲ་བརྟན་དང་རྒྱ་སྐྱེད་ཡོང་ཐབས་བྱེད་ཀྱི་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་གཅིག་ནི་རང་དབང་ལུང་པའི་ནང་རང་གི་ཆོས་རིག་ལེགས་བྱང་བདག་གཉེར་བྱེད་རྒྱུ་དང༌། དམ་བསྒྲགས་འོག་ཚུད་པའི་གཞིས་ལུས་བོད་མིའི་རང་དབང་གི་མགྲིན་ཚབ་བྱེད་རྒྱུ་དེ་རེད། ང་ཚོས་གདོང་ལེན་བྱེད་དགོས་པའི་ལས་འགན་ནི་ཧ་ཅང་ལྕི་པོ་ཡིན། བཙན་བྱོལ་བ་ཡིན་པའི་ཆ་ནས་རང་བཞིན་གྱིས་ང་ཚོའི་མཐུན་རྐྱེན་འབྱུང་ཁུངས་ཚད་བཀག་ཡོད་པ་དང༌། གཅིག་བྱེད་ན་ང་ཚོ་བཙན་བྱོལ་ནང་དུས་ཡུན་རིང་ཙམ་གནས་དགོས་ཆགས་སྲིད་པའི་དངོས་ཡོད་གནས་ཚུལ་ང་ཚོས་གདོང་ལེན་བྱེད་དགོས། དེར་བརྟེན་ཤེས་ཡོན་དང་ལེགས་བྱང་དང་འབྲེལ་བའི་ང་ཚོའི་ལས་འཆར་ཁག་ལ་ཡུ་རོབ་མཐུན་ཚོགས་ནས་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན།

ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་མཉམ་མུ་མཐུད་ལངས་ཕྱོགས་ལྡན་པའི་འབྲེལ་ལམ་རྒྱུན་འཁྱོངས་གནང་བས་རྒྱ་ནག་ནང་བྱུང་དང་འབྱུང་བཞིན་པའི་འགྱུར་བ་ཁག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་ཐེ་ཚོམ་མེད། འཛམ་གླིང་གི་འཕེལ་ཕྱོགས་ནི་གུ་ཡངས་དང༌། རང་དབང༌། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ་བཅས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད། སྔ་ཕྱི་མ་གཏོགས་རྒྱ་ནག་ཀྱང་འཛམ་གླིང་གི་འཕེལ་འགྲོས་དང་མཐུན་པར་འགྲོ་དགོས་རྒྱུ་རེད། འདིའི་ཐད་ཡུ་རོབ་གྲོས་ཚོགས་ནས་སྙན་གྲགས་ཆེ་བའི་ས་ཀ་རོ་གཟེངས་བསྟོད་བྱ་དགའ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་རྒྱ་རིགས་ཧུའུ་ཅ་ལ་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་ནི་རྒྱ་ནག་མྱུར་པོའི་ཐོག་མདུན་བསྐྱོད་བྱེད་བཞིན་པའི་སྐབས་འདིར་རྣམ་འགྱུར་གལ་ཆེན་ཞིག་རེད། རྒྱ་ནག་གིས་རང་གི་གསར་བྱུང་གནས་བབ་དང་བསྟུན་འཛམ་གླིང་ནང་གཙོ་ཆེའི་ཆ་ཤས་བླང་དགོས་པ་ཆགས་ཀྱི་རེད། དེ་ལྟར་ཡོང་བར་རྒྱ་ནག་ནང་གུ་ཡངས་དང༌། ཕྱི་གསལ་ནང་གསལ། ཁྲིམས་ཀྱི་དབང་སྒྱུར། གནས་ཚུལ་དང་བསམ་བློའི་རང་དབང་བཅས་ཡོང་ཐབས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ཐོག་འཛིན་པའི་བསམ་ཚུལ་དང་སྲིད་བྱུས་ཀྱིས་རྒྱ་ནག་གི་ནང་སྲིད་ཀྱི་འགྱུར་འགྲོས་དང་ཡར་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་ཐེ་ཚོམ་མེད།

སྟབས་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་ཐོག་ཧ་ཅང་གུ་དོག་གི་ལངས་ཕྱོགས་དང་མི་མཐུན་པར་གནས་ཚུལ་རྒྱུས་མངའ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་གཙོ་བོར་གྱུར་པའི་རྒྱ་རིགས་མང་ཚོགས་ཁྲོད་གནས་ཚུལ་ཤེས་རྟོགས་ཇེ་གསལ་དང༌། བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་བྱེད་མཁན་ཇེ་མང་འགྲོ་བཞིན་ཡོད། བོད་ཀྱི་གནད་དོན་སྐོར་རྒྱ་ནག་གཞུང་ལ་ངའི་ཡིད་ཆེས་ཇེ་སྲབ་ཏུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་མི་མང་ལ་ངའི་ཡིད་ཆེས་འགྱུར་བ་མེད་པར་གནས་ཡོད། དེར་བརྟེན་ངས་བོད་མི་ཚོར་རྒྱ་རིགས་ཚོའི་མཉམ་འབྲེལ་ལམ་བྱེད་རྒྱུ་ཕྱོགས་ཐམས་ཅད་ནས་འབད་རྩོལ་བསྐྱེད་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད། འདི་ལོ་ཟླ་ ༣ པའི་ནང་བོད་མིའི་ངོ་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པར་རྒྱ་རིགས་མཁས་པ་ཚོས་ཡོངས་གྲགས་ཐོག་སྐྱོན་བརྗོད་བྱས་པ་མ་ཟད། ཚོད་འཛིན་བྱེད་དགོས་པ་དང༌། བོད་ཀྱི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱེད་དགོས་པ་བཤད་ཡོད། རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་གིས་ཡོངས་གྲགས་ཐོག་བོད་མི་འཛིན་བཟུང་བྱས་པ་རྣམས་ལ་ཁྲིམས་གཏུགས་མཐུན་འགྱུར་བྱེད་རྒྱུའི་དང་བླངས་བྱས་ཡོད། ད་ལྟའི་ཆར་རྒྱ་རིགས་སྤུན་ཟླ་ཚོའི་ཁྲོད་བོད་མིའི་དཀའ་སྡུག་གནས་སྟངས་དང་ཁྲིམས་མཐུན་གྱི་མངོན་འདོད་ཁག་ལ་ཤེས་རྟོགས་དང༌། ཤ་ཚ་རྒྱབ་སྐྱོར། གདུང་སེམས་མཉམ་སྐྱེ་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བཞིན་ཡོད། དེ་ནི་སེམས་སྐུལ་ཐེབས་གཞི་ཆེན་པོ་ཞིག་རེད། ངས་གོ་སྐབས་འདི་བརྒྱུད་སྙིང་སྟོབས་ཅན་གྱི་རྒྱ་རིགས་སྤུན་ཟླ་ཕོ་མོ་ཚོས་གདུང་སེམས་མཉམ་སྐྱེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཡུ་རོབ་གྲོས་ཚོགས་ཀྱིས་འཚེ་བ་དང་བྲལ་བའི་བོད་ཀྱི་བདེན་པའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་ཤ་ཚ་དང༌། རྒྱབ་སྐྱོར། གདུང་སེམས་མཉམ་སྐྱེ་གནང་བ་རྣམས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་སེམས་སྐུལ་ཐེབས་གཞི་ཆགས་ཡོད། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ལའང་ངས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་བོད་ཀྱི་དཀའ་སྡུག་དེ་ཆབ་སྲིད་ཀྱི་ལས་དོན་ཙམ་མ་ཡིན་པར་སེམས་གཏིང་གི་ལས་དོན་ཞིག་ལ་བརྩིས་ཡོད། ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་སྔ་རྗེས་བཞག་པ་རྣམས་ཀྱིས་མང་ཚོགས་དང༌། ཡུ་རོབ་ཀྱི་སྲིད་གཞུང་ཁག དེ་བཞིན་འཛམ་གླིང་ཁྱོན་ཡོངས་བཅས་ལ་བོད་མིའི་དཀའ་སྡུག་ཤེས་རྟོགས་དང་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད།

ཡུ་རོབ་གྲོས་ཚོགས་ཀྱིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་རྣམས་ལ་རྒྱ་ནག་གིས་དོ་སྣང་མ་བྱུང་བ་མ་རེད། དེའི་དབང་གིས་ཡུ་རོབ་དང་རྒྱ་ནག་ཕྱོགས་གཉིས་བར་གྱི་འབྲེལ་བར་དོ་ཕོག་བྱུང་བར་བློ་ཕམ་ཡོད། འོན་ཀྱང་ངས་རྣམ་པ་ཚོར་ཞུ་འདོད་པ་ཞིག་ལ་ད་ལྟའི་ཆར་བོད་ནང་གི་ཡ་ང་བའི་གནས་སྟངས་དང༌། རྒྱ་ནག་གཞུང་གི་འགོ་ཁྲིད་དང་ངའི་ངོ་ཚབ་ཚོའི་དབར་གྱི་འབྲེལ་མོལ་ལ་གྲུབ་འབྲས་བྱུང་མིན་ལ་མ་ལྟོས་པར་བོད་དང་རྒྱ་ནག་གཉིས་མ་འོངས་པར་དོགས་པ་རྣམ་རྟོག་ལས་བརྒལ་ནས་ཐུན་མོང་གི་ཁེ་ཕན་ཆེད་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱེད་པའི་འབྲེལ་ལམ་ཞིག་ཡོང་རྒྱུ་ཡིན་པར་ངོས་ནས་ལྷག་བསམ་རྣམ་དག་གིས་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཁྱེད་ཚོའི་སེམས་ཚོར་དང་རྒྱབ་སྐྱོར་མུ་མཐུད་གནང་བས་མ་འོངས་བོད་དོན་འགྲིག་ཆགས་ཡོང་བར་དགོས་ངེས་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་ཆེད་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་ཡིན་པར་ཐེ་ཚོམ་མེད། དེར་བརྟེན་ཁྱེད་ཚོས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཁྱེད་ཚོས་ངོས་ལ་བསམ་ཚུལ་བཤད་རྒྱུའི་གོ་སྐབས་འདི་གནང་བར་ངས་ཡང་སྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢༤ སྔོན་ལ།
President Donald Trump gestures after speaking during a summer soiree on the South Lawn of the White House, Wednesday, June 4, 2025, in Washington
Mobile App

ཊོམ་ཕུ་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ཨ་རིར་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༦/༠༥
1140,760,0,0.45,-1
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་དམིགས་བསལ་གཏན་འཁེལ་གང་ཡང་མི་འདུག

༢༠༢༥/༠༦/༠༥
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤
Mobile App

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

༢༠༢༥/༠༦/༠༤
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese