༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚེ་བ་མེད་པ་དང་སྙིང་རྗེའི་ཐོག་ནས་རྩོད་རྙོག་སེལ་ཐབས་ལ་འབད་དགོས་པའི་གསུང་འཕྲིན་བསྩལ།
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་ལ་ཉེ་བ་དང་བསྟུན། ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་སྩལ་བའི་ནང་། ཉིན་མོ་དེ་ནི་འཛམ་གླིང་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གི་དྲན་སྐུལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེའི་བརྒྱུད་ནས་འགྲོ་བ་མི་ཡོངས་ལ་འཇིགས་སྣང་དང་འདོད་རྔམ་ལས་གྲོལ་བའི་རང་དབང་བསྒྲུབས་ཡོད། འགྲོ་བ་མིའི་ཐོབ་ཐང་འདི་དག་ཡོངས་འདུས་དང་ཕན་ཚུན་གཅིག་ལ་གཅིག་རྟེན། དེ་བཞིན་ཡོངས་ཁྱབ་ཡིན་ཞེས་བཀའ་བསྩལ་ནས་འཛམ་གླིང་གང་སར་ཡོད་པའི་མི་མང་རྣམས་ཀྱིས་འགྲོ་བ་མིའི་ཐོང་ཐང་གི་གཞི་རྩའི་རིན་ཐང་རྣམས་ཤེས་རྟོགས་འབྱུང་བཞིན་ཡོད་པའི་ཐུགས་རེ་གནང་གི་ཡོད། ཅེས་གསུངས་འདུག
ཡང་༧མགོན་པོ་གང་ཉིད་ཀྱིས། གྲོས་མོལ་ལ་གཞི་བཞག་ཐོག་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྩོད་རྙོག་རྣམས་ཞི་བའི་ལམ་ནས་སེལ་བའི་ཐབས་ལམ་གྱི་བརྒྱུད་འཛམ་གླིང་འདི་འགྱུར་བ་གཏང་རྒྱུའི་མངོན་འདོད་དང་དོ་སྣང་ཆེ་ཆེར་བྱེད་བཞིན་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་བརྩི་བཀུར་ཡོད་པའི་འགྱུར་བ་དེའི་རིགས་སུ་འགྲོ་བ་མིའི་འགན་ཁུར་ཡང་ཚུད་ཡོད། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་རང་བཞིན་ལྡན་པའི་ལྟ་ཚུལ་ཟབ་མོ་ཤེས་པའི་ཐོག་ནས་དཀའ་ངལ་དེ་དག་སེལ་བར་རྒྱལ་སྤྱིའི་ཁྲོད་ནུས་པ་ལྡན་པའི་བྱ་བཞག་སྒྲུབ་དགོས། ང་ཚོ་སྐྱེ་མ་ཐག་པ་ནས་འཚོ་གནས་ལ་ངེས་པར་མཁོ་བའི་བརྩེ་སེམས་དང་གཞན་ལ་སེམས་ཁུར་ལྡན་པའི་ཡོན་ཏན་དེ་དག་ལྷན་སྐྱེས་སུ་ཡོད་པར་བརྟེན། ཡོན་ཏན་འདི་དག་གོང་འཕེལ་དང་རྒྱུན་འཁྱོངས་བྱེད་པར་འབད་བརྩོན་བྱ་དགོས་པ་ལས། ཆོས་ལུགས་དང་ཆབ་སྲིད་ཀྱི་ཁྱར་པར་སོགས་རིམ་པ་གཉིས་པའི་བསམ་བློ་ལ་གཞིགས་ཏེ། ཁོང་ཚོ་དང་ང་ཚོ་ཞེས་དབྱེ་འབྱེད་བྱ་རྒྱུ་མེད། ཅེས་གསུངས་འདུག
ཡང་༧མགོན་པོ་གང་ཉིད་ཀྱིས། ང་ཚོ་ཚང་མ་འགྲོ་བ་མི་ཡིན་ཞིང་། ཐོབ་ཐང་དང་དགོས་མཁོ་གཅིག་མཚུངས་སུ་ཡོད། ང་ཚོས་གཞན་ལའང་རང་དང་འདྲ་བར་ཞི་བདེ་དང་བདེ་སྐྱིད་འཚོལ་བའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པར་ཁས་ལེན་བྱས་ན། རོགས་རམ་མཁོ་བའི་མི་རྣམས་ལ་རོགས་བྱེད་པའི་འགན་ཁུར་དེ་ང་ཚོར་རང་བཞིན་གྱིས་ཡོང་གི་ཡོད། ཇི་ཙམ་གྱི་ཨ་རི་དང་ཡོ་རོབ་ལ་མང་གཙོའི་མངོན་འདོད་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དེ་ཙམ་གྱིས་ཨ་ཧྥི་རི་ཀ་དང་ཨེ་ཤ་ཡ་ལའང་གལ་ཆེན་པོ་ཡིན། དབུལ་ཕོངས་ནི་སྤྱི་ཚོགས་ཁྲོད་ཕན་ཚུན་མི་མཐུན་པ་དང་། འཕྲོད་བསྟེན་ཞན་པ། སྡུག་བསྔལ། ཐ་ན་དམག་འཁྲུག་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། དབུལ་ཕྱུག་ཀྱི་ཁྱད་པར་འདི་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་གྱི་ཁྱད་པར་འདི་ཁ་སྐོང་གང་ཐུབ་བྱེད་དགོས་གལ་ཆེན་པོ་ཡིན། ཞེས་གསུངས་འདུག
ཡང་༧མགོན་པོ་གང་ཉིད་ཀྱིས། ང་ཚོ་ཚང་མ་ཞི་བདེ་ལྡན་པའི་ངང་འཚོ་འདོད་ཡོད་ལ། འཇིགས་སྣང་མེད་པའི་ངང་འཚོ་སྡོད་བྱེད་པའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། འདས་པའི་དུས་རབས་གཅིག་ལྷག་གི་རིང་ལ་འགྲོ་བ་མིའི་སྡུག་བསྔལ་གྱི་རྒྱུ་རྐྱེན་ཆེ་ཤོས་ཤིག་ནི། རྩོད་རྙོག་ཞི་འགྲིག་ཡོང་སླད་འཇིགས་སྐུལ་དང་དྲག་སྤྱོད། མི་གསོད་ཁྲག་སྦྱོར་བཅས་ཀྱི་འཚེ་བའི་ལས་ལ་བརྟེན་པ་དེ་ཡིན་པས། ང་ཚོས་ངེས་པར་དུ་ཞི་བའི་ཐབས་ལམ་ཞིག་ལ་བརྟེན་ནས་རྩོད་རྙོག་ཞི་འགྲིག་བྱེད་དགོས། འཚེ་བ་ལ་བརྟེན་ནས་གཏོར་སྐྱོན་དང་འགྲོ་བ་མིར་དཀའ་སྡུག་ཡོང་རྒྱུ་མ་ཟད། མ་འོངས་པར་འཚེ་བ་བསྐྱར་དུ་འབྱུང་རྒྱུའི་ས་བོན་ཡང་འདེབས་ཀྱི་ཡོད། དུས་དང་གནས་གང་དུ་དྲག་པོའི་ལས་བྱུང་ན་ངོས་རང་ལ་སེམས་སྡུག་ཚད་མེད་སྐྱེ་བཞིན་འདུག དྲག་པོའི་ལས་དེ་དག་གི་རྐྱེན་གྱིས་ཚེ་སྲོག་ཤོར་མཁན་རྣམས་དང་། དཀའ་རྙོག་དེ་དག་གི་རྐྱེན་པས་གནོད་སྐྱོན་ཐེབས་ཡུལ་རྣམས་ཀྱི་ཆེད་དུ་ངོས་ཀྱིས་སྨོན་ལམ་འདེབས་ཀྱིན་ཡོད། ངོས་ཀྱིས་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྩོད་རྙོག་རྣམས་གཏན་དུ་ཞི་འགྲིག་ཡོང་བའི་སྨོན་ལམ་རྒྱུན་དུ་རྒྱག་གིན་ཡོད། ཅེས་གསུངས་འདུག
ཡང་༧མགོན་པོ་གང་ཉིད་ཀྱིས། རྒྱ་གར་གྱི་གནའ་བོའི་འཚོ་བ་མེད་པའི་ལྟ་གྲུབ་དེ་ནི་བྱམས་བརྩེ་དང་སྙིང་རྗེའི་རྣམ་འགྱུར་ངོ་མ་ཡིན། དེའི་ནང་དུ་གཞན་ལ་སྙིང་ཉེ་བའི་བློ་དང་། གཞན་གྱི་བདེ་སྡུག་ཁུར་དུ་ལེན་པའི་འདུ་ཤེས་ཡོད། དེ་ལྟ་བུའི་སྙིང་རྗེ་བསྐྱེད་པའི་གཞི་རྩ་ནི། སེམས་ཅན་གཞན་རྣམས་ཀྱང་རང་དང་འདྲ་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་ཤེས་པ་དེ་ཡིན། དེར་བརྟེན། ང་ཚོས་འཚེ་བ་མེད་པ་དང་སྙིང་རྗེའི་བསམ་བློ་ལྡན་པའི་ཐོག་ནས་རྩོད་རྙོག་སེལ་ཐབས་ལ་འབད་དགོས། ཞེས་གསུངས་འདུག
ཕྱི་ལོ་ ༡༩༤༨ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཞེས་ཡོངས་གྲགས་གཏན་འབེབས་དང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་འཛམ་གླིང་ནང་གི་གཞུང་སྒེར་མང་ཚོགས་ནས་དོ་ཁུར་དང་དོ་སྣང་ཡོང་ཐབས་སུ། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འབོད་ཚིག་དང་བརྗོད་གཞི་བྱེ་བྲག་པ་ཞིག་གཙོ་དོན་གྱི་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་གཙི་ཞུ་བཞིན་ཡོད་པ་དང། འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་འབོད་ཚིག་ནི། འགྲོ་བ་མི་ཡོངས་ལ་ཆེ་མཐོང་དང་རང་དབང་། སྤྱི་སྙོམ་དྲང་བདེན་ཞེས་པ་དེ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།