བོད་དཔལ་ཡུལ་རྫོང་ཁོངས་ནས་ཡིན་པའི་བོད་མི་ལྷག་རྡོར་ཞེས་པ་ཞིག་ལ་བོད་རང་བཙན་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད་དེ་ལོ་བདུན་ཕྱིན་འདུག
བོད་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནས་ཡིན་པའི་བོད་མི་ལྷག་རྡོར་ཞེས་པ་ཞིག་ཕྱི་ལོ་ ༢༠༡༦ ཟླ་ ༧ ནང་དཀར་མཛེས་ནས་ལྷ་སར་འགྲོ་རྩིས་ཀྱིས་གནམ་ཐང་དུ་བསླེབས་སྐབས། ཉེན་རྟོག་པས་ཁོང་གི་ཁ་པར་ནང་དུ་སྔོག་བཤེར་བྱས་ཏེ་བོད་རང་བཙན་གྱི་བརྡ་འཕྲིན་དང་བརྙན་ཐུང་ཉར་ཚགས་བྱས་ཏེ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བཙན་འཁྲིད་བྱས་ཡོད་འདུག ཕྱིས་སུ་དཔལ་ཡུལ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ལྷག་རྡོར་གྱི་ཁྱིམ་མི་ཚོ་སྐད་བཏང་སྟེ་ཁོང་ལ་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་སྐོར་བརྗོད་ཡོད་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། ལྷག་རྡོར་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་མང་པོ་ཞིག་བཤད་སོང། ཁོས་ཚོང་ཙ་ཙིག་རེ་བརྒྱབ་ནས་ལྷ་ས་དང་ས་གནས་གང་སར་འགྲོ་བསྡད་མཁན་ཞིག་ཡིན་ལ། ནམ་རྒྱུན་མི་རིགས་ཀྱི་ཞེན་ཁོག་ཆེན་པོ་ཡོད་མཁན་དེ་འདྲ་རེད་ཅེས་བརྗོད་བྱུང་།
ཡང་ཁོང་གིས། ལྷག་རྡོར་ལགས་འཛིན་བཟུང་བྱས་རྗེས་ད་ལྟ་བར་དུ་ཐེངས་གཅིག་མ་གཏོགས་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ཁོང་ད་ལྟ་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་སོགས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ལ། ཐེངས་མང་པོར་འབྲེལ་ཡོད་ལས་ཁུངས་སུ་བཅར་ནས་ཐུག་ཏུ་འཇུག་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་ཁ་གཡར་ས་སྣ་ཚོགས་བཙལ་ནས་ཐུག་བཅུག་མེད་སྐོར་བརྗོད་བྱུང་།
ལྷག་རྡོར་ལགས་ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་བྱང་སང་ཡུལ་ཚོ་ནས་ཡིན་ཞིང་། ཁོང་ལོ་ཤས་གོང་ས་གནས་དེར་ཡོད་ཧོར་སྤོའི་ལག་ཤེས་བཟོ་གྲྭ་ཞེས་པ་ཞིག་ལ་ལས་ཀ་བྱས་མྱོང་ཡོད་འདུག ཁོང་གི་ཤུལ་དུ་ཕ་མ་གཉིས་དང་སྤུན་མཆེན་བུ་མོ་ལོ་ ༢༣ ཅན་ཞིག་ཡོད་འདུག