བུད་མེད་གསར་འགོད་པ་གྲགས་ཅན་ཨེ་མི་ཡཱི་ལགས་ཀྱིས་བོད་ཕྱི་ནང་གཉིས་དཔྱད་བསྡུར་བྱས་པའི་ཐོག་ནས་བོད་དོན་སྐོར་གྱི་དཔེ་དེབ་ཅིག་འགྲེམས་སྤེལ་གནང་འདུག
ནེའུ་ཡོག་དུས་བབ་དང་དཔལ་འབྱོར་དུས་བབ་སོགས་རྒྱལ་སྤྱིའི་གསར་ཁང་ཁག་འདྲ་མིན་ནང་ཕྱག་ལས་གནང་མཁན་གྱི་གསར་འགོད་པ་དང་རྩོམ་པ་པོ་གྲགས་ཅན་བུད་མེད་ཨེ་མི་ཡཱི་ (Amy yee) ལགས་ཀྱིས། བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་གླིང་ཆེན་བཞི་རུ་འགྲུལ་བཞུད། (Far From the Rooftop of the World: Travels Among Tibetan Refugees on Four Continents) ཅེས་པའི་དེབ་ཅིག་བརྩམས་ཏེ་འགྲེམས་སྤེལ་བྱས་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་ཁབ་སྤྱི་དམངས་རླུང་འཕྲིན་ཁང་ (National Public Radio) གི་བཅའ་འདྲི་ཞིག་གི་ནང་། རྩོམ་པ་པོ་ཨེ་མི་ཡཱི་ལགས་ཀྱིས་བོད་ཕྱི་ནང་གཉིས་དངོས་སུ་མཐོང་བའི་མྱོང་ཚོར་སྐོར་བརྗོད་སྐབས། ཁོང་མོས་ཕྱི་ལོ་ ༡༩༩༠ ལོ་མཇུག་ནས་བཟུང་ལོ་ངོ་གཉིས་རིང་རྒྱ་ནག་ཏུ་སློབ་ཁྲིད་བྱས་རྗེས། ང་རང་བོད་ནང་དུ་ཕྱིན་པ་ཡིན། སྐབས་དེར་བོད་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་ཉར་ཆོག་གི་མི་འདུག གལ་ཏེ་༧གོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་སོགས་འཁྱེར་བ་དང་ཉར་བ་སོགས་བྱེད་ཚེ་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། བོད་ནང་དུ་ངོ་རྒོལ་ལས་འགུལ་སྤེལ་བ་མཐོང་གི་ཡོད་པ་ལྟར། དྷ་རམ་ས་ལའི་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས། དྷ་སར་གནས་པའི་བོད་མི་སྟོང་ཕྲག་འགའ་ཡིས་ཁྲོམ་གཞུང་དུ་ཞི་བའི་གོམ་བགྲོད་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། དེ་བཞིན་འཕྲེད་དར་སོགས་འཁུར་གྱིན་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མཐོང་བྱུང་། སྐབས་དེར་ངའི་འཆར་སྣང་དུ་གལ་ཏེ་དྲག་གནོན་མེད་པར་རང་དབང་ཡོད་ཚེ། བོད་མིའི་ངོ་བོ་དང་རིག་གཞུང་གང་འདྲ་ཡོད་ཀྱི་རེད་བསམ་པའི་སྣང་བ་བྱུང་། རྒྱུ་མཚན་ནི་བོད་ནང་དུ་མི་མང་གིས་༧གོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་སོགས་འཁྱེར་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་རྣམས་མེ་མདས་བསད་པ་སོགས་དྲག་གནོན་ཤུགས་ཆེན་ཡོང་གི་ཡོད་པ་རེད། ཅེས་བརྗོད་འདུག
གཞན་ཡང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་ཡོད་པའི་ཝིལ་སོན་ལྟེ་གནས་ཁང་ (Wilson Center) ཞེས་པའི་གསར་ཁང་ཞིག་གི་བཅའ་འདྲི་ཞིག་གི་ནང་། དེབ་དེའི་མིང་ལ་ (Far From the Rooftop of the World) ཞེས་བཏགས་དགོས་དོན་ཐད་ལ་རྩོམ་པ་པོ་ཨེ་མི་ལགས་ཀྱིས། བོད་དེ་འཛམ་གླིང་གི་ཡང་རྩེ་ཞིག་ལ་ངོས་འཛིན་གྱི་ཡོད་པར་བརྟེན། དེབ་ཀྱི་མིང་ལ་ (rooftop of the world) ཞེས་བཏགས་ཡིན། ཞེས་བརྗོད་འདུག་ལ། ཁོང་མོ་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་གྱི་རྒྱལ་ཁབ་ཨོ་གླིང་དང་། དྷ་རམ་ས་ལ། སྦེལ་ཇམ། ནེའུ་ཡོག་བཅས་ཀྱི་ནང་དངོས་སུ་ཕྱིན་འདུག་ལ། བཙན་བྱོལ་བོད་མི་རྣམས་ཀྱིས་རང་གི་ཕ་ཡུལ་བོད་བཞག་དགོས་ཁེལ་ནས་ས་ཐག་རིང་སར་ཡོད་པའི་རྒྱ་གར་དང་ཨོ་གླིང་སོགས་ལ་འཚོ་བ་བསྐྱལ་དང་སྐྱེལ་མུས་ཡིན་པ་མ་ཟད། བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མུ་མཐུད་དུ་སྲུང་སྐྱོབ་གནང་བཞིན་པ་རྣམས་དངོས་སུ་མཐོང་བར་ཡིད་སེམས་མགུ་ཡོད་སྐོར་སོགས་བརྗོད་འདུག
འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྩོམ་པ་པོ་ཨེ་མི་ཡཱི་ལགས་ཀྱིས་བརྩམས་པའི་ (Far From the Rooftop of the World: Travels Among Tibetan Refugees on Four Continents) དཔེ་དེབ་པར་འགྲེམས་བྱས་ཡོད་འདུག་ལ། དཔེ་དེབ་དེ་ཨ་རིའི་ལྷོ་ཤར་མངའ་སྡེ་རུ་ཡོད་པའི་བྱང་ཕྱོགས་ཁེ་ལོ་རི་ནའི་གསར་འགོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་པར་འགྲེམས་ཞུས་པ་ཞིག་རེད་འདུག དེབ་དེའི་ནང་དུ་བོད་མིའི་འཚོ་བ་སྐྱེལ་སྟངས་མི་འདྲ་བའི་སྐོར་དང་། ཁོང་མོ་ལོ་ངོ་ ༡༤ རིང་གླིང་ཆེན་བཞིའི་ནང་དུ་དངོས་སུ་ཕྱིན་ཏེ་གྲྭ་པ་དང་ཕྱུགས་ནད་གསོ་རིག་གི་ཕྱག་ལས་གནང་མཁན་སྟོབས་ལྡན་ལགས། མ་བྱན་ཆེན་མོ་དང་ཆབ་སྲིད་བཙོན་པ་ནོར་བུ། དེ་བཞིན་ལྷ་སར་གནས་སྡོད་བྱེད་མཁན་གྱི་ཁྱིམ་ཚང་དཀྱུས་མའི་བཟའ་ཟླ་གཉིས་བདེ་སྐྱིད་དང་དོན་གྲུབ་བཅས་ཀྱིས་རང་ཡུལ་བཞག་སྟེ། བཙན་བྱོལ་དུ་ཡོང་རྗེས་ཀྱི་འཚོ་བ་སྐྱེལ་སྟངས་དང་མྱོང་ཚོར་སོགས་དངོས་ཡོད་གནས་ཚུལ་གཞི་ལ་བཞག་སྟེ་དེབ་འདི་བརྩམས་པ་ཞིག་རེད་འདུག
བོད་དོན་དང་འབྲེལ་བའི་དེབ་དེའི་ནང་། གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར་སོགས་འཁུར་མི་ཆོག་པ་མ་ཟད། གལ་ཏེ་བོད་ཀྱི་རྒྱལ་དར་སོགས་ཉར་ཚགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཚེ་མ་ཉེས་ཁ་གཡོགས་ཀྱིས་བསུན་གཙེར་དང་གསང་མྱུལ། འཛིན་བཟུང་བཙོན་འཇུག གདུག་སྦྱོང་མནར་གཅོད་གཏོང་བ། དེ་བཞིན་ཁྲིམས་ཐག་ལྗིད་པོ་གཅོད་པ་སོགས་ཀྱི་གནས་སྟངས་ཚབས་ཆེན་འབྱུང་གི་ཡོད་པའི་སྐོར་དང་། ཨོ་གླིང་དང་རྒྱ་གར། ཨ་རི་སོགས་ལ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དེ་བཞིན་ཆོས་དད་རང་མོས་ཡོད་པའི་གནས་སྟངས་སྐོར་དང་། བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་དང་། སོ་སོའི་སྐད་ཡིག་རིག་གཞུང་མུ་མཐུད་དུ་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་སྐོར་སོགས་གསལ་སྟོན་བྱས་འདུག
ཨེ་མི་ཡཱི་ལགས་ནི་ཨ་རིའི་དཔལ་འབྱོར་དུས་བབ་གསར་ཁང་གི་ནེའུ་ཡོག་དང་ལྡི་ལི་ཚན་པའི་གསར་འགོད་པ་ཟུར་པ་ཞིག་ཡིན་ཞིང་། ཁོང་མོས་རྒྱ་གར་དང་ལྷོ་ཨེ་ཤ་ཡའི་ཁུལ་གྱི་དཔལ་འབྱོར་གྱི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་མང་པོ་བྲིས་ཡོད་འདུག་ལ། ད་ལྟའི་ཆར་ (Bloomberg/Citylab) གསར་ཁང་གི་གསར་འགོད་པ་ཡིན་འདུག ཕྱི་ལོ་ ༢༠༠༨ ལོར་ཁོང་མོ་ཐེངས་དང་པོ་དྷ་རམ་ས་ལར་དངོས་སུ་བསླེབས་ཏེ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་སུ་མཇལ་རྗེས་བོད་མི་དང་འབྲེལ་འདྲིས་གཏིང་ཟབ་བྱུང་འདུག
ཕྱི་ལོ་ ༢༠༡༣ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཚན་པའི་གསར་འགོད་པའི་ལོ་རེའི་འགྲན་སྡུར་ཁྲོད། ཁོང་མོས་རྒྱ་གར་དང་བྷང་ལ་དྷེ་ཤི་ (Bangladesh) རྒྱལ་ཁབ་གཉིས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་ཐོག་ཉམས་ཞིབ་བྱས་པ་བརྒྱུད། ཡུལ་དེ་གཉིས་ཀྱི་བྱིས་པ་ཆུང་ཆུང་དང་ཨ་མ་གསར་པའི་མི་གྲངས་ཀྱི་གྲོངས་ཚད་ཇེ་ཉུང་དུ་ཇི་ལྟར་ཕྱིན་པའི་སྐོར་ལ་ཞིབ་འཇུག་སྙན་ཐོ་བྲིས་པ་དེར། ཕྱི་ལོ་ ༢༠༡༣ ལོའི་མི་མང་གི་འཕྲོད་བསྟེན་ (Public Health) སྐོར་ལ་ཨང་རིམ་གསུམ་པ་ (bronze winner) ཐོབ་འདུག་ལ། ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགོད་ཚན་པས་བྷང་ལ་དྷེ་ཤི་ནང་གི་གནམ་གཤིས་འགྱུར་ལྡོག་ལ་གོམས་འདྲིས་ (Climate Change adaptation in Bangladesh) དང་འབྲེལ་བའི་གསར་འགོད་པའི་སྙན་ཐོའི་འགྲན་སྡུར་ཁྲོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་བྷན་ཀི་མུན་ (Ban Ki-moon) ལགས་ཀྱིས་ཁོང་མོའི་སྙན་ཐོ་ལ་ཆེ་བསྟོད་གནང་བ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་བྷང་ལ་དྷེ་ཤི་ནང་གི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྙན་ཐོ་དེར་ཨང་གཉིས་པ་ཐོབ་འདུག ༢༠༡༦ ལོར་ལྷོ་ཨེ་ཤ་ཡའི་གསར་འགོད་པའི་སྡེ་ཁག་གིས་ལོ་རེའི་གསར་འགོད་ལས་དོན་གྱི་འགྲན་སྡུར་ནང་། ཁོང་མོས་བྷང་ལ་དྷེ་ཤི་རྒྱལ་ཁབ་ནང་གི་གྱོན་ཆས་ལེགས་བཅོས་བཟོ་གྲྭའི་སྐོར་ལ་ཉམས་ཞིབ་ཀྱི་གསར་འགྱུར་བྲིས་པར་བརྟེན། ཁོང་མོར་ཚོང་ལས་སྐོར་གྱི་གསར་འགྱུར་འབྲི་མཁན་ལེགས་ཤོས་ཀྱི་གཟེངས་རྟགས་ཐོབ་པ་སོགས་ཁོང་མོར་གཟེངས་རྟགས་མང་པོ་ཐོབ་འདུག
མཆན། ཝིལ་སོན་ལྟེ་གནས་ཞེས་པའི་གསར་ཁང་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཝུ་ཌི་རོའོ་ཝིལ་སོན་ (Woodrow Wilson) མཆོག་གི་མཚན་ཐོག་ནས་ཕྱི་ལོ་ ༡༩༦༨ ལོར་གསར་འཛུགས་གནང་བའི་གསར་ཁང་ཞིག་རེད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།