ལྷོ་ཤར་ཨེ་ཤ་ཡའི་ཧྥི་ལི་པིན་སིའི་སྲིད་འཛིན་ཧྥི་ཌན་ཌི་མཱག་ཁོ་སི་ལགས་ཀྱིས་ཐའེ་ཝན་དམངས་གཙོ་ཚོགས་པར་འཚམས་འདྲི་ཞུས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཧྥི་ལི་པིན་སིས་མེ་དང་རྩེད་མོ་རྩེ་མི་ཉན་པའི་ཉེན་བརྡ་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཐའེ་ཝན་གྱི་རྣོ་ངར་ལྡན་པའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པས་འཚམས་འདྲི་ཞུ་ཡི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ལྷོ་ཤར་ཨེ་ཤ་ཡའི་ཧྥི་ལི་པིན་སི་(Philippines) ཡི་སྲིད་འཛིན་ཧྥི་ཌན་ཌི་མཱག་ཁོ་སི་གཞོན་པ་(Ferdinand Marcos Jr ) ལགས་ཀྱིས་ཐའེ་ཝན་གྱི་དམངས་གཙོ་ཚོགས་པར་འཚམས་འདྲི་ཞུས་ཡོད་པ་མ་ཟད། སྒེར་གྱི་ཨེག་སི་ (X) དྲ་ལམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁེ་ཕན་གོང་སྤེལ་དང་། མི་དམངས་ཁྲོད་ཞི་བདེ་ཡར་སྐུལ་གཏོང་བར་མཉམ་ལས་བྱ་རྒྱུ་སྐོར་བཤད་ཡོད་སྟབས། ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གཞུང་གིས་ཧྥི་ལི་པིན་སི་ཡིས་མེ་དང་རྩེད་མོ་རྩེ་མི་ཉན་པའི་ཉེན་བརྡ་བཏང་ཡོད་འདུག
ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་ (Mao Ning) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཧྥི་ལི་པིན་སིའི་སྲིད་འཛིན་གྱིས་འཚམས་འདྲི་ཞུས་པ་དེས། རྒྱ་ནག་གཅིག་གི་སྲིད་ཇུས་ལ་གཏོར་བརླག་ཚབས་ཆེན་བཏང་ཡོད་པ་མ་ཟད། རྒྱ་ནག་དང་ཧྥི་ལི་པེན་སི་གཉིས་ཀྱི་འབྲེལ་ལམ་ལ་གནོད་འཚེ་ཐེབས་སྲིད་པས། དེའི་ཐད་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེན་ཡོད། ཅེས་དང་། ང་ཚོས་ཧྥི་ལི་པེན་སི་ཡིས་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་མེ་དང་རྩེད་མོ་རྩེ་རྒྱུ་མཚམས་འཇོག་དགོས་པ་ནན་བརྗོད་བྱེད་ཀྱི་ཡོད། ཅེས་བཤད་འདུག
ཧྥི་ལི་པིན་སི་ཡི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། སྲིད་འཛིན་ཧྥི་ཌན་ཌི་མཱག་ཁོ་སི་གཞོན་པ་ལགས་ཀྱི་འཚམས་འཕྲིན་དེ། ཐའེ་ཝན་དུ་ལས་དོན་གཉེར་མུས་ཡིན་པའི་ཧྥི་ལི་པེན་སིའི་མི་མང་ ༢༠༠༠༠༠ ཚུད་པའི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁེ་ཕན་དུ་ངོས་འཛིན་དང་། ཐའེ་ཝན་གྱིས་ང་ཚོའི་ལས་མི་དང་དམངས་གཙོ་ཡང་དག་གི་བརྒྱུད་རིམ་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཁོ་ན་ཡིན་པ་ལས། རྒྱ་ནག་གཅིག་གི་སྲིད་ཇུས་ར་སྤྲོད་བྱ་དགོས་པ་ཞིག་མིན། ཞེས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་ཀྱིས། ཐའེ་ཝན་གྱི་འོས་བསྡུར་གྲུབ་འབྲས་ག་རེ་བྱུང་བ་ཡིན་ནའང་། རྒྱ་ནག་གཅིག་མ་གཏོགས་མེད་པ་དང་ཐའེ་ཝན་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་བདེན་དོན་ལ་འགྱུར་བ་གཏོང་ཐབས་མེད། སུ་ཞིག་གིས་ཐའེ་ཝན་གླིང་ཕྲན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་འདོད་ཀྱི་ཡོད་ན་དེས་རྒྱ་ནག་གི་མངའ་ཁོངས་བདག་དབང་ལ་གཏོར་བརླག་གཏོང་གི་ཡོད་སྟབས། ལོ་རྒྱུས་དང་ཁྲིམས་ཀྱིས་ཉེས་ཆད་གཅོད་དགོས་པ་ཞིག་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
འདས་པའི་ལོ་ཤས་ནང་ཧྥི་ལི་པིན་དང་རྒྱ་ནག་བར་ཚོང་འབྲེལ་དང་དམག་དོན། མངའ་ཁོངས་བདག་དབང་སོགས་ཀྱི་ཐོག་ནས་དཀའ་རྙོག་རྒྱུན་མ་ཆད་པར་བྱུང་བའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ཕྱི་ལོ་ ༢༠༠༢ ལོར་ཧྥི་ལི་པིན་སིའི་སྲིད་འཛིན་ ༡༤ པ་ལྕམ་མཱ་ཁཱ་པཱ་གྷལ་(Maria Gloria Macaraeg Macapagal)ལགས་ཀྱི་སྐབས་སུ་རྒྱལ་ཁབ་གཉིས་བར་གནད་ཡོད་མི་སྣའི་འགྲོ་འོང་ཙམ་མིན་པར་ཕྱི་འབྲེལ་དངོས་སུ་མགོ་བཙུགས་ནས་ཚོང་ཤག་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཚོ་ཐོག་ཚོང་ལམ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་བདག་དབང་རྒྱ་ནག་ལ་ཡོད་པའི་རྩོད་གཞི་ཆེན་པོ་བསླངས་བར་བརྟེན། མཚོ་ཁུལ་དེར་ཡོད་པའི་ཧྥི་ལི་པིན་སི་གཞུང་གིས་རྒྱལ་ཚོགས་ཀྱི་མཚོ་ཐོག་ཁྲིམས་ཡིག་གཞིར་བཟུང་ (The Permanent Court of Arbitration)ཁྲིམས་ཁང་ལ་རྒྱ་ནག་གཞུང་ཁྲིམས་གཏུགས་བྱས་ཡོད་པ་རེད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་ཧྥི་ལི་པིན་སི་གཞུང་གིས་མི་ལོ་ ༥ ཡས་མས་ཀྱི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཕྱི་ཕྱོགས་ཚོང་འབྲེལ་མཉམ་ལས་མཚམས་འཇོག་བྱས་ཏེ་ཉི་ཧོང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་ཕྱོགས་པ་དང་། ཡང་འདས་ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ནས་ ༢༨ ཉིན་བར་ཧྥི་ལི་པིན་སི་དང་ཨ་རི་གཉིས་ཀྱིས། ཧྥི་ལི་པིན་སིའི་ལུ་རྫོན་ (Luzon) མཚོ་གླིང་གི་བྱང་ཕྱོགས་སུ་དམག་མི་ ༡༧,༦༠༠ ཙམ་ཡོད་པའི་མི་ལོ་ ༣༠ རྗེས་ཀྱི་ཆེས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་སྦྱོང་ཞིག་བྱས་ཡོད་པར་བརྟེན། མི་གྲངས་ཐེར་འབུམ་ ༡༡ ལྷག་ཡོད་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དེ་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྔར་ལས་ཇེ་ཞན་དུ་འགྲོ་མགོ་བཙུགས་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།