མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༤།༣༠ ཉིན་བསུ་བ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

བདེ་སྐྱིད།

དེ་རིང་ནི་ཕྱི་ཟླ་ ༤ ཚེས་ ༣༠ བོད་ཀྱི་ཡིག་གཟུགས་ཉིན་མོ་རེད། ཉིན་མོ་དེ་སྲུང་བརྩི་ཞུ་དགོས་དོན་ཡང་མང་ཚོགས་ཀྱིས་བོད་ཀྱི་ཡིག་གཟུགས་སྐོར་ལ་གོ་རྟོགས་ཡོང་ཐབས་དམིགས་ཡུལ་གཙོ་བོ་ཡིན་ངེས་པས་ཕྲན་གྱིས་དེ་རིང་ལས་ཞོར་དུས་ཚོད་བེད་སྤྱད་ནས་བོད་ཀྱི་ཡིག་གཟུགས་སྐོར་སློབ་སྦྱོང་ཕྲན་བུ་བྱས་པ་ཡིན། བོད་ཕྲུག་གཅིག་ལ་མཚོན་ན། བོད་ལ་ཡི་གེ་ལོགས་སུ་ཡོད་པ་དང་། ཡིག་གཟུགས་འདྲ་མིན་སྣ་ཚོགས་ཕུན་སུམ་ཚོགས་པ་ཡོད་པ་མ་ཤེས་མཁན་ཧ་ལམ་མེད་ངེས་ཀྱང་། དེང་དུས་ཀམ་པུ་ཊར་སོགས་འཕྲུལ་ཆས་དར་ཁྱབ་ཆེ་བ་དང་། སྐད་ཡིག་གཞན་གྱི་ཤུགས་རྐྱེན་འོག་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གོ་སྐབས་ཉུང་དུ་འགྲོ་བཞིན་པ་དངོས་ཡོད་གནས་སྟངས་ཆགས་ཡོད།

ཕྲན་དེ་སྔ་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་ཆེན་གཅིག་ལ་སྐད་ཡིག་གཉིས་པའི་སློབ་ཁྲིད་དགེ་རྒན་འོས་སྦྱོང་བྱ་སྐབས། འཛིན་གྲྭའི་ནང་ལ་མི་རིགས་འདྲ་མིན་སྣ་ཚོགས་ཡོད་པ་དང་། དགེ་རྒན་ཚོ་ཡང་སྐད་བརྡ་རིག་པ་བ་སྐད་ཡིག་མི་འདྲ་བ་ ༦ ཉུང་མཐར་མཁྱེན་མཁན་ཤ་སྟག་རེད་འདུག ཁོང་རྣམས་སྐད་བརྡ་རིག་པའི་ཐོག་ལ་འབུམ་རམས་པའི་སློབ་སྦྱོང་གནང་སྐབས་ཀོ་རི་ཡ་དང་། རྒྱ་ནག་སོགས་རང་ཉིད་ཀྱི་སྦྱོང་རྒྱུའི་སྐད་ཡིག་བེད་སྤྱོད་བྱེད་སའི་ལུང་པར་དངོས་སུ་ཕེབས་པ་དང་། ཕར་ཨིན་ཡིག་སྐད་ཡིག་གཉིས་པའི་ལམ་ནས་སློབ་ཁྲིད་གནང་བ་དང་། ཚུར་ལུང་པ་དེའི་སྐད་ཡིག་སྦྱོང་གནང་མཁན་ཤ་སྟག་ཆགས་འདུག ནུབ་ཕྱོགས་ཡུལ་ཁག་ལ་སློབ་སྦྱོང་བྱེད་སྟངས་མི་འདྲ་བ་གཅིག་ཡོད། དགེ་རྒན་གྱིས་ཁྲིད་རྒྱུ་ཉུང་བ་དང་། མང་ཆེ་བ་ནི་སློབ་ཕྲུག་ཚོས་འཛིན་གྲྭའི་ནང་ལ་བྱེད་སྒོ་འདྲ་མིན་ནང་འཛུལ་ཞུགས་བྱེད་དགོས་པ་དང་། དགེ་རྒན་ཚོས་བྱེད་སྒོ་ཁག་ལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ནམ་ Feedback གནང་སྲོལ་ཡོད། ཐེངས་ཤིག་ཡིག་གཟུགས་སྐོར་གྱི་བྱེད་སྒོ་སྤེལ་སོང་བ་དང་། ཕྲན་གྱིས་སྤོབས་པ་ཆེན་པོས་བོད་ལ་ཡིག་གཟུགས་བརྒྱ་ལྷག་ཡོད་སྐོར་བཤད་པར་དགེ་རྒན་དང་སློབ་ཕྲུག་ཕལ་ཆེ་བས་ཡིད་ཆེས་གནང་མ་སོང་། དོན་དངོས་ཐོག་ངས་དེབ་ནང་ནས་བོད་ལ་ཡིག་གཟུགས་བརྒྱ་ལྷག་ཡོད་སྐོར་མཐོང་བ་ཙམ་ལས་མིང་དང་། ཡིག་གཟུགས་མི་འདྲ་བ་གང་དང་གང་ཡོད་མེད་ཤེས་ཀྱི་མེད། ༧རྒྱལ་དབང་ལྔ་པའི་སྐབས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་བྱུང་ཚུན་ལ་བོད་ཀྱི་ཡིག་གཟུགས་ལ་འགྱུར་བ་ཞེ་དྲག་བྱུང་མེད་སྐོར་དེབ་གཅིག་ལས་མཐོང་བ་དང་། ཡང་། རྗེ་ཙོང་ཁ་པའི་སྐབས་ནས་དཔར་ཤིང་བསྐོས་པའི་རྗེས་བོད་ཀྱི་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་ཕྱིན་མེད་སྐོར་བརྗོད་པ་ཐོས་མྱོང་ཡང་དེབ་དང་རྩོམ་ཡིག་མཇལ་མྱོང་མེད། དེའི་སྔོན་ལ་ཡིག་གཟུགས་ལ་འགྱུར་བ་མང་པོ་བྱུང་ཡོད་པ་ཡིག་ཆ་ཁག་ཅིག་ལ་གསལ། བོད་ཀྱི་ཨང་ཀིའི་ཡི་གེ་དང་། མཁའ་འགྲོ་བརྡ་ཡིག་ཟེར་པ་སོགས་མིང་ཙམ་མཇལ་བ་ལས་ཕྲན་གྱིས་ད་བར་དངོས་སུ་མཇལ་མྱོང་མེད།

སྔར་བོད་ནང་ལ་ཤེས་ཡོན་སློབ་གསོའི་བསྟི་གནས་གཙོ་བོ་དགོན་སྡེ་ཁག་ཡིན་པ་དང་། སློབ་གྲྭ་ཡང་མི་ཉུང་བ་ཡོད་པ་ལས་ཉག་རོང་ཤག་སློབ་གྲྭ་དང་། སྦྱར་པ་ཁང་གསར་སློབ་གྲྭ། དཔལ་སྤུངས་སློབ་གྲྭ། གོར་ཁའི་སློབ་གྲྭ། རྩིས་ཁང་སློབ་གྲྭ། སྨན་རྩིས་ཁང་སློབ་གྲྭ། ཏར་ཁང་སློབ་གྲྭ་སོགས་ཡོད། སློབ་གྲྭ་དེ་དག་གི་ནང་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་གལ་ཆེན་ལ་བརྩི་ཡི་ཡོད། ཡིག་གཟུགས་སློབ་ཁྲིད་བྱེད་སྟངས་ཀྱི་རིམ་པ་ནི། ཀ་ཞིབ་ཀྱི་འགོ་བཙུགས་ཏེ་སྦྱངས་པ་དང་། ཀ་ཞིབ་ཀྱི་འོག་ཏུ་ཀ་ཁའི་རིམ་པ་དང་། ཚུགས་རིང་ཞིབ་འོག་ཏུ་ཚུགས་རིང་དང་ཚུགས་ཐུང་། ཚུགས་ཞིབ་ཀྱི་འོག་ཏུ་ཚུགས་ཆུང་། སྤྱི་གྲལ་ཞིབ་འགོའི་འོག་ཚུགས་ཐུང་དང་། ཚུགས་ཆུང་མུ་མཐུད་ནས་སྦྱོང་བའི་ཁར་འཁྱུག་ཡིག་སྦྱོང་བ་བཅས་ཡིན། དཔེར་ན། ཀ་ཁའི་རིམ་པ་ལ་ཆ་བཞག་ན། རིམ་པ་དེ་ལ་བཞུགས་པའི་སློབ་མས་དང་པོ་ཀ་མད་རྐྱང་པ་འབྲི་སྦྱོང་བྱེད་པ་ཡིན། དེ་ནས་ཡ་བཏགས་དང་ར་བཏགས་འདོགས་ལུགས་སྦྱོང་རིམ་གཅིག དེ་ནས་ཡ་བཏགས་དང་ར་བཏགས་ལ་ཞབས་ཀྱུ་སྦྱོར་སྟངས་སྦྱོང་རིམ་གཅིག དེ་ནས་མགོ་ཅན་སྦྱོར་སྟངས་སྦྱོང་རིམ་གཅིག་བྱས་ནས་སྦྱོང་གི་ཡོད། ཅེས་བོད་ནང་བཞུགས་པའི་རིན་ཆེན་བསམ་གྲུབ་ལགས་ཀྱིས་འདས་དོན་གསུངས་པ་གཅིག་མཇལ། ཁོང་གིས། སློབ་ཕྲུག་ཐང་ལ་འདུག་ཅིང་པང་ལ་སྦྱང་ཤིང་འཇོག དགེ་རྒན་རྒྱབ་ལ་བཞུགས་པ་དང་། སློབ་ཕྲུག་གིས་ལག་པས་སྨྱུ་གུ་བཟུང་། དགེ་རྒན་གི་ཕྱག་གིས་སློབ་ཕྲུག་གི་ལག་པ་བཟུང་ནས་ཀ་ཁ་འབྲི་སྦྱོང་བྱེད་ཀྱི་རེད། དེ་ལ་ལག་བྲིས་བརྒྱབ་ཟེར་ཞིང་དེ་ལྟར་ཉིན་ཤས་ལ་སྦྱང་དགོས། གསར་ཞུགས་ཀྱི་སློབ་མ་རྣམས་ལོ་ན་ཆུང་སྟབས་སྨྱུ་གུ་བཟོ་བ་དང་། སྦྱང་ཤིང་འཁྲུད་པ། དེ་ལ་ཐིག་འདེབས་སོགས་ཡིག་སྦྱོང་གི་ཡན་ལག་གི་ལས་དོན་ཡི་གེ་སློབ་མཁན་དགེ་རྒན་དེས་བྱེད་ཀྱི་ཡོད། ལག་བྲིས་རྒྱུག་ཡུན་གྱི་ཚད་དེ་གཙོ་བོ་སློབ་མའི་བྱང་ཚད་ལ་རག་ལས་ཡོད་དེ། སྤྱིར་བཏང་ཉིན་གསུམ་བཞིའི་ནང་ལ་ལག་བྲིས་ཀྱི་རང་མགོ་ཐོན་འགྲོ་ཡི་རེད། དེ་ཚར་ན་ཀ་མད་སུམ་ཅུ་བྲིས་པའི་སྦྱང་ཤིང་ཁྱེར་ནས་སྨྱུ་གུ་དང་མཉམ་དུ་ཀ་ཞིབ་དེ་ལ་འབུལ་དགོས། ཀ་ཞིབ་ཀྱིས་དེ་ལ་ཀ་མད་སུམ་ཅུའི་མ་དཔེ་ཞིག་སློབ་མ་དེའི་སྦྱང་ཤིང་སྟེང་ལ་སྐམ་བྲིས་ཤིག་རྒྱག སློབ་ཕྲུག་གིས་དེ་ཁྱེར་ཡོང་ནས་ཐེངས་དང་པོར་ཚིག་སྣག་ཟེར་པའི་སྣག་ཚ་ལ་བསྒྲེས་པའི་སྨྱུ་གུ་དེ་དགེ་རྒན་གྱིས་བྲིས་པའི་ཡི་གེའི་སྟེང་ལ་བུགས་ནས་དེའི་སྨྱུག་ལམ་གྱི་སྦོམ་ཕྲ་དང་། གྲིམ་ལྷོད་ལྟར་འབྲི་སྦྱོང་བྱེད། དེ་ནས་ཡང་དགེ་རྒན་གྱི་རྩ་ལ་སྐམ་བྲིས་ལེན་དུ་སོང་། དེ་ཚུར་ཁྱེར་ཡོང་ནས་སྔར་བཞིན་འབྲི་སྦྱོང་བྱེད། ཡིག་གཟུགས་སྦྱོང་རིམ་དེའི་རང་མགོ་ཐོན་པ་བར་དུ་དེ་ལྟར་བྱེད་དགོས། སྦྱོང་རིམ་དེ་རང་ཚུགས་ཟིན་པའི་ཉིན་མོ་དེར་ཀ་ཞིབ་ཀྱིས་སློབ་མ་དེ་ལ་ཤོག་ཐོག་ལ་བྲིས་ཡོད་པའི་ཀ་དཔེ་ཞིག་གནང་། ཀ་དཔེ་དེ་གཞིར་བཟུང་གིས་ཐེངས་དང་པོར་ཤོག་བུའི་སྟེང་གི་ཀ་དཔེ་ལ་ལྟོས་ནས་འབྲི་སྦྱོང་བྱེད། དེ་ནས་བཟུང་ཀ་བྲིས་རྒྱག་མཁན་དང་སྐམ་བྲིས་རྒྱག་མཁན་གང་ཡང་ཡོད་པ་མ་རེད། ཡོད་པ་ནི་ཤོག་གུའི་ཐོག་གི་ཀ་དཔེ་དེ་རེད། དེ་ཡང་སྔོན་མ་སྐམ་བྲིས་ཀྱིས་ཡིག་སྦྱོང་བྱེད་རིམ་ལྟར། དང་པོ་ཀ་མད་རྐྱང་པ་སུམ་ཅུ་འབྲི་སྦྱོང་བྱེད། དེ་ལ་ཀ་ཞིབ་ཀྱིས་གྲལ་ཞིག་རྒྱག་པར་འགྱུར། དེ་ནས་ར་བཏགས་དང་ཡ་བཏགས། དེ་དག་ལ་ཞབས་ཀྱུ་འདོགས་པ། དེ་ནས་འགོ་ཅན་སྦྱོར་སྟངས་སོགས་སྦྱོང་། ཤོག་བུའི་སྟེང་གི་ཀ་དཔེ་ལ་ལྟོས་ནས་སྦྱོང་ཚུགས་ནས་བཟུང་སློབ་མ་གང་ཞིག་ལ་ཀ་དཔེ་འཇོག་ས་ཞིག་དང་། སྣག་ཚ་འཇོག་ས་བཅས་དགོས་ཀྱི་ཡོད་ཀྱང་། དེང་སང་གི་སློབ་གྲྭ་ལྟར་ཅོག་ཙེ་ནི་ཡོད་པ་མ་རེད། སློབ་མ་དེའི་གཡས་གཡོན་དང་མདུན་གྱི་ས་དེ་མ་གཏོགས་ཡོད་པ་མ་རེད། རིམ་པ་འདི་ཚར་ན་ཀ་ཁའི་སྦྱོང་རིམ་ཚར་པ་རེད། དེ་ནས་ཚུགས་རིང་ཞིབ་འགོ་ཟེར་པའི་རིམ་པ་དེར་སླེབས་ན་སྦྱང་ཤིང་ཐོག་ལ་མུ་མཐུད་ནས་འབྲི་དགོས། རིམ་པ་དེའི་ཀ་དཔེ་ནི་གསལ་བྱེད་ཙམ་མ་ཡིན་པར་། ཚིག་དོན་གོ་རྒྱུ་ཡོད་པ་སྟེ། དཔེར་ན། ས་སྐྱ་ལེགས་བཤད་ལྟ་བུ་ཀ་དཔེ་སྣ་ཚོགས་ཡོད། ཀ་དཔེ་གང་ཞིག་ཉིན་གསུམ་བཞི་ལ་འབྲི་སྦྱོང་བྱས་རྗེས་ཀ་དཔེ་གཞན་པ་ཞིག་གནང་གི་རེད། དེ་ཉིན་གསུམ་བཞི་ལ་སྦྱངས་རྗེས་ཡང་གཞན་ཞིག་གནང་གི་རེད། ཀ་དཔེ་གཅིག་ཐོག་ནས་འབྲི་སྟངས་ཆ་ཚང་བ་ཞིག་སྦྱོང་ཐུབ་ཀྱི་མ་རེད། ཀ་དཔེ་ཅི་ཙམ་གྱིས་མང་བ་བརྗེ་ལེན་བྱས་ན་དེ་ཙམ་གྱིས་འབྲི་སྟངས་ཆ་ཚང་བ་ཞིག་ལ་བྱང་ཆུབ་ཀྱི་ཡོད། སྦྱོང་རིམ་དེ་མ་ཐོན་བར་དུ་ཀ་དཔེ་བརྗེ་ལེན་བྱེད་ཀྱིན་སྦྱོང་དགོས། ཤོག་བུའི་ཐོག་ལ་རིམ་པ་འདི་ལེགས་པོ་ཐོན་རྗེས་ཚུགས་རིང་གི་རིམ་པ་ཚར་ནས་ཚུགས་ཞིབ་ཟེར་པའི་རིམ་པ་དེ་ལ་སླེབས། རིམ་པ་འདིའི་ནང་དུ་ཚུགས་རིང་འབྲི་མཚམས་བཞག་ནས་ཚུགས་ཐུང་དང་ཚུགས་ཆུང་ཟེར་པ་དེ་གཉིས་མཉམ་དུ་འབྲི་སྦྱོང་བྱེད། རྩ་བའི་ཆ་ནས་ཡི་གེ་ཆེན་པོ་ནས་འབྲི་སྦྱོང་གི་འགོ་ཚུགས་ཏེ་རིམ་གྱིས་ཇེ་ཆུང་དང་ཇེ་ཆུང་དུ་འགྲོ། ཚུགས་རིང་དང་ཚུགས་ཐུང་གཉིས་སྦྱངས་ནས་བྱང་བ་ན་སྤྱི་གྲལ་ཞིབ་འགོའི་འོག་ཏུ་སོང་ནས་འཁྱུག་ཡིག་འབྲི་སྦྱོང་གི་འགོ་འཛུགས་པར་གྱུར། དེ་དུས་སྤྱི་གྲལ་ཟེར་བའི་སྦྱོང་རིམ་ལ་སླེབས་པ་རེད། འཁྱུག་ཡིག་ཀྱང་དང་པོ་སྦྱང་ཤིང་ཐོག་ལ་སྦྱོང་དགོས། སྦྱང་ཤིང་ཐོག་ལ་ཡག་པོ་འབྲི་ཐུབ་པར་གྱུར་ཚེ་དེ་ནས་ཤོག་ཐོག་ལ་འབྲི་སྦྱོང་བྱེད་དགོས། སྦྱང་ཤིང་ཐོག་ནས་འཁྱུག་ཡིག་གི་སྦྱོང་བ་ཐོན་པ་ན། སློབ་ཕྲུག་གང་ཞིག་གི་མི་ཚེའི་ནང་གི་སྦྱང་ཤིང་གི་ཐོག་ལ་ཡིག་སྦྱོང་བྱེད་རྒྱུ་དེ་ཡོངས་སུ་རྫོགས་ཏེ། ཤོག་ཐོག་ལ་ཡིག་སྦྱོང་དང་ཡིག་འབྲི་བྱེད་རྒྱུའི་འགོ་ཚུགས་པ་རེད།

སྔོན་མ་སྦྱངས་པའི་ཚུགས་རིང་དང་ཚུགས་ཐུང་། ཚུགས་ཆུང་རྣམས་ཤོག་གུའི་ཐོག་ལ་སྦྱངས་མེད་སྟབས། ཡང་སྐྱར་ཁོངས་སོ་སོར་སོང་ནས་ཤོག་ཐོག་ལ་ཐེགས་གཅིག་འབྲི་སྦྱོང་བྱས་ནས་ཡོང་དགོས། ཤོག་གུའི་ཐོག་ལ་སྦྱོང་སྐབས། ཤོག་གུ་མཐུག་པོ་སྤུས་ལེགས་ཀྱི་ཐོག་ལ་སྦྱོང་ཆོག་གི་མེད། ཡིན་གཅིག་མིན་གཅིག་གོང་ཁེ་པོ། ཧ་ཅང་སྲབ་བུ་ཕྱི་ནང་མ་མཐོང་ཙམ་ཞིག་གི་ཐོག་ལ་སྦྱོང་དགོས་ཀྱི་ཡོད། ཤོག་གུ་སྲབ་བུ་དེའི་ངོས་གཅིག་ལ་བྲིས་ཚར་རྗེས་དེའི་རྒྱབ་ལོགས་ལ་མུ་མཐུད་ནས་འབྲི་དགོས། དེ་ལྟར་བྱེད་དོན་ནི། ཡི་གེ་འབྲི་དུས་སྨྱུ་གུ་གནོན་ཤུགས་ཡང་སྙོམས་ཡོང་ཆེད་ཡིན། སྨྱུ་གུ་ལ་ཅུང་ཙམ་གནོན་ཤུགས་ཤོར་ན་ཤོག་གུ་དེ་རལ་འགྲོ་ཡི་རེད། དེའི་ཐོག་ལ་སྣག་བུམ་ལས་སྣག་ཚ་ལེན་སྐབས་རན་པོ་ཞིག་ལེན་པའི་གོམས་གཤིས་ཤིག་འཇགས་པ་ལ་ཡང་ཕན་གྱི་ཡོད། སྨྱུག་རྩེ་ལ་སྣག་ཚ་ལེན་པ་མང་དྲག་ན་ཤོག་གུའི་ཐོག་ལ་འདལ་འགྲོ་གི་ཡོད་པ་རེད། ཉུང་དྲག་ན་ཡི་གེ་ཞིག་གི་ཕྱེད་ཀ་བྲིས་ན་སྣག་ཚ་ཚར་འགྲོ་གི་ཡོད་པ་རེད། སྤྱིར་བཏང་སྨྱུག་ཁ་ནས་སྣག་ཚ་རན་པོ་ིག་ཡོང་བ་དེ་སྨྱུ་གུའི་སྣ་ཡུར་གྱི་ཆེ་ཆུང་ལ་ཡང་རག་ལས་ཡོད་པ་རེད། ཤོག་བུ་བེད་སྤྱོད་གཏོང་སྟངས་དེང་སང་འདྲ་པོ་མ་རེད། བོད་ཤོག་ཚང་མ་ཞེང་ཆེ་ལ་སྲིད་དུ་རིང། སྔོན་མའི་ཤོག་བུ་རྣམས་ལ་དེང་སང་གི་འབྲི་ཤོག་གི་ལྟར་ཤིག་བརྒྱབ་མེད། ཡང་ཡི་གེ་འབྲི་མཁན་གྱིས་ཞ་སྨྱུག་དང་སྣག་སྨྱུག་ལྟ་བུས་ཐིག་རྒྱག་སྲོལ་ཡང་མེད། ཐིག་ནི་ལྟེབ་མ་ཡིན། ཡི་གེ་འབྲི་མཁན་གྱིས་འབྲི་འདོད་པའི་ཡི་གེའི་ཆེ་ཆུང་ལ་གཞིགས་ནས་ལྟེབ་མ་རྒྱག་པ་དེ་ནི་ཐིག་རེད། ཤོག་བུ་དེ་ལ་འབྲི་བྱས་གང་མིན་ལ་མ་བལྟོས་པར་ཆ་ཚང་བལྟབས་ཏེ་གཡོན་ལག་གི་མཐིལ་དུ་བཟུང་ནས་པུས་མོ་གཡས་པའི་ཐོག་ལ་བཞག དེ་ནས་ཡི་གེ་འབྲི་གིན་འབྲི་གིན་ལྟེབ་བཤིག་གིན་བཤིག་གིན་འགྲོ ཤོག་བུ་བེད་སྤྱོད་བྱེད་པའི་ཐོག་མའི་དུས་སུ། ཡིག་མཁན་གྱིས་སོར་མོས་ཚད་འཇལ་གྱིས་ལྟེབ་ཐིག་རྒྱག་དགོས་ཀྱང། སྦྱངས་གོམས་སུ་སོང་བ་ན་མིག་གིས་ཚད་འཇལ་ཐུབ་པར་འགྱུར། ཤོག་གུའི་ལྟེབ་ཕྲེང་དྲང་མོ་དང་སྙོམས་པོ། མཐའ་ཆག་ཚད་ལྡན་ཡིན་མིན་བཅས་ཀྱང་སློབ་ཕྲུག་ཞིག་ཡི་གེ་སྦྱོང་རིམ་འཕར་མིན་གྱི་ཆ་རྐྱེན་ཞིག་ཡིན། ཤོག་ཐོག་ལ་བྲིས་པ་གང་ཞིག་ཚད་ལོངས་ཡོད་མེད་རྒན་བདག་ལ་སྟོན་དགོས། རྒན་བདག་གིས་གྲལ་རྒྱག་དགོས་པ་རྣམས་བརྒྱབ་སྟེག་ཤོག་བུ་དེ་རང་གི་ཐོག་ཏུ་འབྲིབར་འགྱུར། སློབ་ཕྲུག་དེས་གྲལ་བརྒྱབ་པ་དེ་མ་དཔེ་ར་བཟུང་ནས་འབྲི་སྦྱོང་བྱས་ཏེ་ཡང་རྒན་བདག་ལ་སྤྱན་འབུལ་ཞུ་དགོས། རྒན་བདག་གིས་ཐུག་ལ་མ་བབ་བར་དུ་ཁོང་གིས་གྲལ་བརྒྱབ་པ་མ་དཔེར་བཟུང་ནས་འབྲི་སྦྱོང་བྱེད་དགོས་ལ། རྒན་བདག་གི་ཐུགས་ལ་བབ་པ་ན་གྲལ་རྒྱག་པ་མཚམས་བཞག་ནས་ཡང་ཀ་དཔེ་གསར་པ་ཞིག་གནར་བར་འགྱུར་བ་དེ་དཔེར་བྱས་ནས་སྦྱང་དགོས། ཅེས་སོགས་གསུངས། ཕྲན་གྱིས་གོང་གི་ལུང་འདྲེན་རིང་པོ་ཡོད་ཀྱང་། ཀློག་མཁན་རྣམས་ཀྱིས་དེ་སྔ་བོད་ཀྱི་ཡིག་གཟུགས་སྦྱོང་སྟངས་སྐོར་ཅུང་ཟད་རྒྱུས་མངའ་བྱུང་ན་བསམ་ནས་ལ་རྩེ་དཔེ་མཛོད་ཁང་གི་དུས་དེབ་གཅིག་ནས་བཤུས་པ་ཡིན།

ཕྱིས་སུ་རྒྱ་གར་ནང་ལ་བོད་ཀྱི་ཡིག་གཟུགས་གལ་ཆེན་བརྩིས་པའི་དཔེ་མཚོན་གསལ་ཤོས་ནི་གཞུང་ཞབས་ཡིག་ཚད་གཏོང་སྐབས་བོད་ཡིག་ཡིག་གཟུགས་ལ་བརྒྱ་ཆ་ ༥ བཞག་པ་དང་། ལས་བྱེད་ཀྱི་གསང་སྙན་ནང་ལ་ཡང་བོད་ཀྱི་ཡིག་གཟུགས་ལ་བརྒྱ་ཆ་བཞག་ཡོད། བོད་ཀྱི་ཡིག་གཟུགས་ཐོག་ལ་ཐུགས་སྣང་བྱེད་མཁན་གཅིག་ཡིན་ན། བོད་སྨྱུག་བཟོ་བྱེད་ཤིང་རྒྱུ་འདྲ་མིན་ཁག་དང་། བོད་ཀྱི་ཡིག་གཟུགས་འདྲ་མིན་སོ་སོར་གཞིགས་ནས་སྨྱུ་གུ་གཞོག་སྟངས་འདྲ་མིན་ཡོད་པ་མ་ཟད། སྣག་ཚ་སྡེབ་སྟངས། སྣ་ཚའི་སྦྱོར་རྒྱུ་དུད་དྲེག་དང་ཆུ་སོགས་ལ་རྒྱུས་མངའ་ཡོད་ངེས། སྣག་ཚའི་སྡེབ་རྒྱུ་སྐྱེས་ཤུན་དང་། སྒྲོན་ཤིང་གི་ཐལ་བའམ་དུད་དྲེག ཆུ་སོགས་ཡོད། དེ་སྔ་བོད་ཀྱི་ནང་ལ་སྐ་རགས་ལ་འདོགས་པའི་སྨྱུག་ཤུབས་ཡོད་པ་དང་། རས་རྒྱུ་ཅན་གྱི་སྣག་བུམ་གྱི་འཇོག་སྣོད་སོགས་ཡོད་པ་མ་ཟད། ཡི་གེ་འབྲི་སྐབས་ཅོག་ཙེ་སོགས་མི་དགོས་པར་ཡི་གེ་འབྲི་མཁན་གྱི་པུས་མོ་དང་། མཛུབ་མོ་ཤོག་གདན་ལ་བྱས་ནས་ཡིག་གཟུགས་ཧ་ལས་པ་འབྲི་ཡི་ཡོད་ལ། ཤོག་བུ་ལྟིབས་བརྩིགས་ཀྱིས་ཤོག་དཀར་ཐོག་ལ་ཐིག་ཕྲེང་བཟོས་ནས་ཡིག་གཟུགས་གཙང་མ་འབྲི་སྲོལ་ཡོད།

ཕྲན་ལོ་ཤས་སྔོན་ལ་ནུབ་ཕྱོགས་ཀྱི་མཐོ་སློབ་ཤིག་ནང་ལ་ཡིག་ཚགས་ཐོག་ལ་སློབ་སྦྱོང་བྱེད་སྐབས། དེ་སྔ་རྡོ་དང་། ཤིང་ལོའི་ཐོག་ལ་ཡི་གེ་འབྲི་སྲོལ་དར་བ་དང་། དེ་ནས་ཤོག་བུ་ཐོག་མར་རྒྱ་ནག་དང་། བོད་ (Tibet) ནས་དར་བ་ཞེས་སློབ་དེབ་ནང་ལ་མཐོང་སྐབས་ཚོར་སྣང་དམིགས་བསལ་གཅིག་སླེབས་མྱོང་། དེ་ནས་ཐོག་མར་ཡོ་རོབ་དང་། ཨ་རི་སོགས་ཡུལ་གྲུ་ཚང་མར་དཔར་བསྐྲུན་ཁང་མ་དར་སྔོན་ལ་ལག་བྲིས་དེབ་བཟོ་སྐབས་ཡིག་མཁན་ལ་གླ་ཕོགས་སྨན་ཞབས་པ་སོགས་ལས་ཧ་ཅང་མཐོ་བ་དང་། ཡིག་མཁན་གྱིས་ལག་པས་བྲིས་པའི་དེབ་དཀོན་པར་བརྟེན་རང་བཞིན་གྱིས་དེབ་ལ་རྩ་ཆེན་བརྩི་ཡི་ཡོད། དེ་ནས་ཡིག་ཚགས་དང་། དཔེ་མཛོད་ཁང་གི་སྐོར་སློབ་ཁྲིད་སློབ་ཚན་གཅིག་ནང་ལ། ཆོབ་བམ། དགོད་གཏམ་གཅིག་བྲིས་ཡོད་པ་ད་ལྟ་ཡང་ཧ་ཅང་གསལ་པོ་དྲན་གྱི་འདུག ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་མཆོག་ཕེབས་སྐབས་དཔེ་མཛོད་དོ་དམ་པ་དང་མཇལ་བ་དང་། ཁོང་གིས་དཔེ་མཛོད་ཁང་གི་གནས་སྟངས་བཀའ་བརྩད་གནང་བར་། དཔེ་མཛོད་དོ་དམ་པས། དེབ་གཅིག་མ་གཏོགས་ཚང་མ་དཔེ་མཛོད་ནང་ལ་ཡོད། དེབ་གཅིག་གཡར་པ་དེ་ད་ལྟ་ཕྱིར་ལེན་པར་འགྲོ་ཡི་ཡོད། ཅེས་ལན་བཏབ། དགོད་གཏམ་དེའི་དོན་ནི། དཔེ་མཛོད་ཁང་གི་དེབ་ནི་དེབ་ཉར་ནས་སྡོད་རྒྱུ་མེད་པར་གཡོར་དགོས་པ་དང་། བེད་སྤྱོད་གཏོང་དགོས། དེབ་དང་ཡིག་ཚགས་ཀྱི་རྒྱུ་ཆ་ཁག་དཔེ་མཛོད་དང་ཡིག་ཚགས་ཁང་ལ་ཉར་ནས་བསྡད་ན་སྙིང་པོ་མེད་པ་བརྗོད་ཀྱི་ཡོད། ཡིག་ཆ་དང་དེབ་ཉར་ཚགས་བྱ་དགོས་དོན་ནི་བེད་སྤྱོད་གཏོང་བའམ། བཀླགས་ནས་ནང་དོན་ཤེས་པ་བྱ་རྒྱུའི་ཆེད་དུ་ཡིན་པ་གསལ་སྟོན་བྱ་ཡི་ཡོད། ཡིག་མཁན་གཅིག་གིས་དཀའ་ལས་རྒྱབ་ནས་བྲིས་པའི་དེབ་དེའི་དམིགས་ཡུལ་གཙོ་བོ་ནི་ཉར་ཚགས་བྱ་རྒྱུའི་ཆེད་དུ་མ་ཡིན་པར་གཞན་གྱིས་བཀླགས་ནས་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་རེད། ཕྲན་གྱིས་སློབ་ཚན་དེ་སྦྱོང་སྐབས་དང་། དམིགས་བསལ་དགོད་གཏམ་དེ་བཀླགས་པ་དང་ལམ་སེང་དྲན་པ་ནི། ༧རྒྱལ་བ་རིན་པོ་ཆེས་བཀའ་བསྟན་ཀློག་དེབ་ལ་བེད་སྤྱོད་ཀྱིས་ནང་དོན་རིག་པའི་སེམས་ཁམས་རིག་པ་དང་། ལྟ་གྲུབ་སོགས་སློབ་སྦྱོང་ཀྱིས་སེམས་མ་ཞི་བ་ཞི་བ་དང་། སེམས་འདུལ་བའི་ཐབས་བསྟེན་དགོས་པ་ལས། མཆོད་གཤོམ་ནང་ལ་དཔེ་ཆ་སྒྲིག་ནས་མཆོད་པ་འབུལ་བ་ཙམ་གྱིས་མི་ཕན་ཞེས་བཀའ་སློབ་གནང་བ་དྲན་ནས་བླ་མ་ཁོང་གི་བཀའ་དྲིན་དྲན་པ་དང་། བོད་ཁ་བ་ཅན་གྱི་བསྐལ་ལྡན་ལ། །མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ། ཞེས་པའི་ཚིག་ཁ་ནས་ཤོར། དེ་སྔ་བོད་ལ་བོད་ཤོག་ཟེར་པ་ཡོད་ནའང་། ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཁ་ཡོད་ལག་ཡོད་ཕྱག་བསྟར་གཅིག་ནི་བོད་ཡིག་ཡིག་གཟུགས་སྦྱོང་མཁན་གྱིས་སྦྱང་ཤིང་ཐོག་འབྲི་སྲོལ་ཡོད་པ་དང་། ཕན་ཚུན་འཕྲིན་བསྐུར་སྐབས་སམ་ཊ་ཞེས་པའི་ཐོག་ཕན་ཚུན་བསྐུར་ནས་ཤོག་གྲོན་མེད་པའི་ཁྱད་ཆོས་ཆེན་པོ་ཡོད། སྦྱང་ཤིང་ཞེས་པ་དེ་སྔ་བོད་ནང་ལ་བེད་སྤྱོད་གཏོང་མཁན་མང་བ་དང་། ཕྲན་གྱིས་དྲན་ཚོད་ལ། དེ་སྔ་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་འོག་དགེ་རྒན་འོས་སྦྱོང་གནང་མཁན་ཁ་ཤས་ཀྱིས་སྦྱང་ཤིང་ཐོག་ཡི་གེ་འབྲི་བའི་ཟབ་སྦྱོང་གནང་ཡོད། ཡིན་ནའང་། ཟབ་སྦྱོང་ཐོབ་རྗེས་དགེ་རྒན་རྣམས་ཀྱིས་དངོས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དང་། དམིགས་བསལ་མེས་དབོན་དཔེ་སྟོན་སློབ་གྲྭའི་ནང་ལ་ཕྱག་བསྟར་ཇི་ཙམ་གནང་ཡོད་མེད་མི་ཤེས། དེ་ནས། སམ་ཊ་ ཞེས་པ་བཙན་བྱོལ་ནང་གི་མི་མང་པོ་གཅིག་ལ་གསར་པ་ཡིན་སྲིད། སམ་ཊའི་ངོས་ལ་ཕྱེའམ་གྲོ་ཞིབ། རྩམ་པ་སོགས་རིམ་པ་སྲབ་མོ་ཞིག་བརྡལ་བའི་སྟེང་ལ། སྣག་ཚ་ལ་མ་བསྒྲེས་པའི་སྨྱུ་གུ་སྐམ་པོས་འཕྲིན་ཐུང་འབྲི་བར་བྱེད། འཕྲིན་འབྱོར་གྱིས་འཕྲིན་དེ་བཀླགས་རྗེས་དེ་བསུབས་ཏེ། སམ་ཊ་དེ་ག་རང་གི་སྟེང་ལ་འཕྲིན་ལན་འབྲི། སམ་ཊའི་སྟེང་གི་འཕྲིན་ཡིག་གནས་ཡུན་ཐུང་སྟབས། དེ་གསང་རྒྱ་ཅན་ལ་འཕྲིན་ཡིག་གཏོང་བ་ལ་བཀོལ་སྤྱོད་བྱེད་པ་མང་། འཕྲིན་ཡིག་གཏོང་མཁན་གྱིས་སམ་ཊ་བརྩེགས་མའི་འགྲམ་ངོས་སམ། ཡང་ན་དེའི་ཀོ་བའི་གླེགས་ཐག་གི་སྟེང་ལ་ལ་ཅའི་ཐེལ་ཙེའམ་དམ་ཕྲུག་བརྒྱབ་ནས་གཏོང་། དེ་འབྱོར་མཁན་གྱིས་ཐེལ་ཙེའི་དམ་རྒྱ་ཞིག་ནས་འཕྲིན་ཡིག་བཀླགས་རྗེས་དེ་ལས་སླ་བོས་བསུབ་ཐུབ།

བཙན་བྱོལ་ལ་ཕེབས་པའི་བོད་མི་རྒན་གྲས་མང་པོ་ཞིག་མཇལ་མྱོང་བ་དང་། ཁོང་རྣམ་པ་མང་ཆེ་བའི་བོད་ཀྱི་ཡིག་གཟུགས་ཧ་ལས་པའི་ཡག་པོ་འདུག དེ་བཞིན་བཙན་བྱོལ་ནང་དཔར་བསྐྲུན་བྱས་པའི་དེབ་རྙིང་མང་པོ་གཅིག་ཕྱག་བྲིས་ཕྱག་བསྟར་མ་མི་ཉུང་བ་མཇལ་རྒྱུ་ཡོད། དཔེ་མཚོན་གསལ་ཤོས་གཅིག་ནི་གདོང་ཐོག་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་ཨ་རིའི་ནང་ཕེབས་བཞུགས་གནང་ནའང་། ཁོང་གིས་གསུང་རྩོམ་མང་ཆེ་བ་ཕྱག་གིས་བྲིས་གནང་ཡོད། ཕྲན་གྱིས་བོད་ཀྱི་ཡིག་གཟུགས་སྐོར་ཞེ་དྲག་མི་ཤེས་ནའང་། བོད་ཀྱི་ཡིག་གཟུགས་འབྲི་སྐབས་པིར་སྨྱུག་དེ་སྔ་བེད་སྤྱོད་བྱེད་ཀྱི་མེད་པ་དང་། གཞུང་ཡིག་ཞེས་ཡིག་གཟུགས་མི་འདྲ་བ་གཅིག་ཡོད་པ་སོགས་ཕལ་ཆེ་བ་སྨྱུག་ཁ་གཞོར་ནས་འབྲི་ཡི་ཡོད་པ་དང་། ད་དུང་ཡི་གེ་འབུལ་ཡུལ་བླ་ཆེན་དང་། གཞུང་སོགས་མི་འདྲ་བར་ཡི་གེ་འབྲི་སྟངས་མི་འདྲ་བ་ཡོད། དེ་ཙམ་དུ་མ་ཟད། ཕྲན་གྱིས་གསར་དུ་ཤེས་པའི་གནས་ཚུལ་གཅིག་ནི། ཨ་རིར་གནས་བཞུགས་བསྟན་འཛིན་ཆོས་འཛིན་ལགས་ཞུ་བའི་སྐུ་སྐྱེ་མ་གཅིག་གིས། མོ་ཡིག་ནི་ཕོ་མོ་གཉིས་ཀའི་ཡིག་གཟུགས་ཀྱི་མངོན་སྟངས་ཤིག་ཡིན་པ་ལ། དེ་ནི་བག་དང་ལྡན་ཞིང་། སྣག་ལམ་གཙང་ཞིང་ཡིག་གྲལ་འགྲིག་པ་བཅས་ཀྱི་ཡིག་གཟུགས་བག་ཡོད་དང་འཇམ་པོ་མངོན། འདིའི་ལྡོག་ཟླ་ཕོ་ཡིག་སྟེེ། ཡིག་ཟུགས་ལ་བག་ཡངས་དང་རྒོད་བག་མངོན། ཞེས་གཙོ་བོ་མོ་ཡིག་འགྲེལ་བརྗོད་གནང་བ་ཞིག་མཇལ། རྟགས་འཇུག་ནང་ལ་ཡི་གེ་ཕོ་མོ་ཞེས་སྒྲ་གདངས་དྲག་གཞན་ཐོག་ནས་དབྱེ་བ་ཕྱེ་སྲོལ་གཅིག་ཡོད་པ་དང་། ད་ལྟ་ཁོང་གིས་ཡིག་གཟུགས་བག་ཡོད་དང་བག་ཡངས་ཞེས་པའི་ཐོག་ནས་ཡིག་གཟུགས་ལ་ཕོ་མོ་དབྱེ་ཚུལ་གཅིག་གསུངས་པ་དེ་ཐེངས་དང་པོར་ཐོས། ད་དུང་དེང་སྐབས་བོད་ཀྱི་ཡིག་གཟུགས་ནི་རྒྱ་ནག་གི་ཡི་གེ་ལྟར་མཚོན་རིས་ནས་འགྱུར་བའི་ལྟ་བ་འཛིན་མཁན་བོད་ཀྱི་ཡིག་ཟུགས་དང་བོད་རིག་པའི་མཁས་པ་ཡིན་ཟེར་མཁན་དེ་འདྲ་ཡོད་འདུག་པས་དེ་རིགས་བསམ་གཞིགས་ཀྱིས་མཁས་པ་གསལ་སྟོན་ཡག་པོ་གནང་གལ་ཆེ་བ་མཐོང་།

དེ་སྔ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་ལ་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་དགོས་པའི་བཀའ་ཕེབས་པ་དང་། རྒྱལ་རབས་ལས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་ཐོག་ལ་ཞིབ་རྒྱས་སློབ་ཁྲིད་དགོས་པའི་བཀའ་ཕེབས་ཡོད། དེ་ཡང་བོད་ཀྱི་ཁོར་ཡུག་ཆགས་ཚུལ་དང་། བོད་ཀྱི་ཁང་པ་དང་། ཟས་རིགས། གྱོན་གོས། བོད་ཀྱི་ཡིག་གཟུགས། བོད་ཀྱི་ཤོག་བུ་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་པ་རྣམས་གསལ་སྟོན་ཐུབ་པ་དགོས་པའི་བཀའ་ཕེབས་ཁོང་གིས་སློབ་ཁྲིད་ཐོག་མར་གནང་སྐབས་གསུངས་ཡོད། དེང་སྐབས་ནུབ་ཕྱོགས་སུ་སྡོད་མཁན་ཚོས་གསལ་པོ་ཤེས་ཐུབ་པ་ནི། ལས་ཀ་བྱེད་ས་དང་། མཐོ་སློབ་སོགས་ལ་བོད་པའི་ཁ་ལག་དམིགས་བསལ་ག་རེ་ཡིན་པ་དང་། བོད་ཀྱི་ཁང་བཟོའི་ལག་རྩལ་དང་། བཟོ་དབྱིབས་དམིགས་བསལ་མི་འདྲ་བ་དང་ཁྱད་ཆོས་གང་ཡོད་པ་སོགས་གླེང་མཁན་དང་འདྲི་མཁན་མང་པོ་ཡོད། ཡིན་ནའང་། བོད་ཕྲུག་དང་བོད་པ་མང་ཆེ་བས་བོད་ཀྱི་ཁ་ལག་ལབ་པ་དང་། རྩམ་པ་དང་། ཡང་ན། མོག་མོག་ཙམ་ལས་ལབ་ཀྱི་མེད་ལ། བོད་རང་ལ་འབྲུ་རིགས་གང་དང་གང་ཐོན་གྱི་ཡོད་པ་ཡང་ལབ་ཐུབ་མཁན་དཀོན་པོ་ཆགས་ཡོད། སྐབས་སུ་བབ་པ་ཕྲན་གྱི་སེམས་ནང་ལ་དྲན་པ་ནི། བོད་ཀྱི་ཤོག་བུ་ལ་དམིགས་བསལ་ཁྱད་ཆོས་མི་འདྲ་བ་ག་རེ་ཡོད་དམ། ལོ་ངོ་བརྒྱ་ཕྲག་མང་པོ་སོང་བའི་དཔེ་རྙིང་བོད་ཤོག་ཐོག་ལ་བྲིས་པ་ད་ལྟ་ཡང་འབུ་ཡིས་མ་བཟས་པ་དང་། མ་རུལ་བར་གནས་ཐུབ་པ་དེ་རིགས་ལ་དོ་སྣང་བྱེད་མཁན་ག་ཚོད་བྱུང་ཡོད་དམ། ཡིན་ནའང་། ཕྱི་རྒྱལ་གྱི་མིས། བོད་ཀྱི་ཤོག་བུའི་ལམ། ཞེས་པའི་ཚོགས་པ་ཡང་བཙུགས་ཡོད།

བཙན་བྱོལ་ཙམ་མིན་པར་དེང་སྐབས་ཀམ་པུ་ཊར་དར་ཁྱབ་ཆེ་བས་བོད་ཀྱི་ཡིག་གཟུགས་སྦྱོང་མི་དགོས་པ་དང་། དུས་ཚོད་འཕྲོག་བརླག་ཡིན་པའི་བསམ་ཚུལ་འདོན་མཁན་ཇེ་མང་རེད། དེ་སྔ་ཕྲན་སློབ་གྲྭ་ལ་ཡོད་སྐབས་ཡིག་གཟུགས་སློབ་ཁྲིད་གནང་མཁན་གཅིག་ཡོད་ནའང་། ང་རང་ཚུད་པའི་སློབ་ཕྲུག་མང་ཆེ་བས་ཡིག་གཟུགས་ལ་དོ་སྣང་བྱེད་ཀྱི་མེད། ཐེངས་ཤིག་ང་ཚོའི་སློབ་གྲྭར་སྐབས་དེ་དུས་དགོད་གཏམ་ཤོད་མཁན་གྲགས་ཆེ་ཤོས། པ་ཚེ་རིང་ལགས། ཕེབས་སོང་། ཁོང་དང་ང་ཚོའི་ཡིག་གཟུགས་རྒན་ལགས་གཉིས་གླེང་མོལ་གནང་སྐབས་སློབ་ཕྲུག་མང་པོས་པ་ཚེ་རིང་ལགས་ཀྱི་ངོ་གདོང་ལ་ཅེར་ནས་དགོད་གཏམ་ཉན་རྒྱུའི་རེ་བས་ཁེངས། པ་ཚེ་རིང་ལགས་ཀྱིས། བོད་ཆོལ་ཁ་གསུམ་གྱི་ནང་ནས་སྤྱང་ཤོས་ཨ་མདོ་བ་ཚོ་རེད་འདུག དབུས་གཙང་དང་དམིགས་བསལ་བསལ་ལྷ་ས་བ་ཚོས་བོད་ཀྱི་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་སོགས་སྦྱོང་སྐབས། ཨ་མདོ་བས་དབུ་ཅན་གཅིག་པུ་སྦྱངས་པ་དང་། དབུ་གཙང་ཚོས་དབུ་ཅན་སྦྱོང་སྐབས་ཨ་མདོ་བ་ཚོས་རྩོམ་ཡིག་བྲིས་ཚར་པ་རེད། ཅེས་བཤད་པ་དང་། ཁོས་མུ་མཐུད་དེ། འཛིན་གྲྭ་དང་པོ་ནས་བཅུ་གཉིས་མ་ཐོན་བར་དུ་ཡིག་གཟུགས་སྦྱོང་མཁན་དང་། མི་སྦྱོང་མཁན་ལ་ཁྱད་པར་མེད་པར་འཛིན་གྲྭ་བཅུ་གཉིས་ཐོན་སྐབས་ཚང་མས་གི་གུ་རིའི་རྩེ་འདྲ་པོ་འབྲི་མཁན་གཅིག་པ་རེད་འདུག ཅེས་བཤད། སྐབས་དེ་དུས་མཐའ་འཁོར་གྱི་སློབ་ཕྲུག་ཚང་མ་དགད་མོ་ཤོར་བ་དང་། ང་ཚོའི་ཡིག་གཟུགས་རྒན་ལགས་ཀྱི་ཞལ་ལ་འཛུམ་ཤར་པ་ལས་གང་ཡང་གསུངས་མ་སོང་། པ་ཚེ་རིང་ལགས་ཁོང་ལྟ་བུ་བོད་ཀྱི་ཡིག་གཟུགས་ལ་གལ་ཆེའི་རང་བཞིན་མ་རྟོགས་མཁན་ཚོས་དེ་ལྟར་གསུང་སྲིད་ཀྱང་། ངས་བསམ་ན་ཁོང་གིས་དགོད་གཏམ་རང་གི་ཆེད་དུ་གསུངས་པ་ལས་གཞི་རྩའི་ཆ་ནས་ཁོང་གིས་བོད་ཀྱི་ཡིག་གཟུགས་ཀྱི་གལ་ཆེན་རང་བཞིན་དང་། སྒྱུ་རྩལ་གྱི་ཁྱད་ཆོས་ཤེས་ཀྱི་ཡོད་ངེས་སྙམ། དེའི་ཐོག་ལ་མང་པོ་མ་བཤད་པར། གདོང་ཐོག་རིན་པོ་ཆེས། པོ་ཏི་བཞི་ངོ་བཤུས་མ་བརྒྱབ་པར་ཡིག་མཁན་དུ་མི་འགྱུར་། པོ་ཏི་དང་པོ་བྲིས་ནས་རླུང་ལ་བསྐུར་། པོ་ཏི་གཉིས་པ་བྲིས་ནས་མེ་ལ་བསྲེག པོ་ཏི་གསུམ་པ་བྲིས་ནས་ཆུ་ལ་བསྐུར་། པོ་ཏི་བཞི་པ་བྲིས་ནས་དགེ་རྒན་ལ་འབུལ་ཞེས་ངག་རྒྱུན་ལ་ཡོད། ཅེས་གསུངས་ཡོད་ལ། གདོང་ཐོག་རིན་པོ་ཆེས་དེང་སྐབས་ཀམ་པུ་ཊར་ཐོག་ལ་དབུ་ཅན་དར་གསོ་ཆེ་བ་དེས་བོད་ཀྱི་ཡིག་གཟུགས་ཀྱི་ལས་དབང་ལ་ཐུགས་ཁྲལ་ཆེན་པོ་ཡོད་སྐོར་བཀའ་གནང་ཡོད། འོ་ཡ། ད་མང་པོ་ཆགས་སོང་། འབྲི་མཚམས་འདིར་འཇོག་གི་ཡིན། ཐུགས་རྗེ་ཆེ། །

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese