ཉེ་སྔོན་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་ཞུས་པ་དེར་རྒྱ་ནག་གཞུང་ཚབ་ཁང་གིས་ངོས་ལེན་མེད་ཅེས་སྐྱོན་བརྗོད་བྱས་འདུག
ཁ་སང་ཕྱི་ཚེས་ ༢༩ ཉིན་ཨེ་སུ་ཊོ་ནི་ཡའི་གསར་ཁང་(Estonain Public Broadbasting News)གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ཨེ་སི་ཊོ་ནི་ཡའི་ (Estonia) གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཇུ་ཀུ་ (Juku Kalle Raid) ལགས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས། ཟླ་དེའི་ཕྱི་ཚེས་ ༢༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་ཡོད་པར་བརྟེན། ཨེ་སི་ཊོ་ནི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པ་གོ་ཞའོ་མའེ་ (Guo Xiaomei) ཟེར་བ་དེས། ཇུ་ཀུ་ལགས་ཀྱིས་བོད་དང་ལྷག་པར་དུ་ཉེ་སྔོན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་ཞུས་པ་དེར་ངོས་ལེན་མེད་པའི་སྐྱོན་བརྗོད་བྱས་པ་དང་སྦྲགས་ཁོང་ལ་ཐུག་དགོས་ཀྱི་ཡོད་སྐོར་གྱི་ཡི་གེ་ཞིག་ཕུལ་ཡོད་འདུག
རྒྱ་ནག་གཞུང་ཚབ་ཀྱི་ཡི་གེ་དེའི་ནང་དུ། ངས་ཁྱེེད་ལ་ཡིག་ཆུང་བྲིས་དགོས་དོན་ནི། ཁྱེད་རང་གི་བོད་དང་འབྲེལ་བའི་བྱ་བྱེད་དག་དང་ཉེ་སྔོན་ཁྱེད་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་དང་བཙན་བྱོལ་བོད་གཞུང་ཟེར་བའི་བཀའ་བློན། གྲོས་ཚོགས་འཐུས་མི་བཅས་ཐུག་འཕྲད་བྱས་པ་སོགས་ལ་སེམས་འཚབ་བྱུང་ཏེ། དོ་སྙོམས་པའི་གནས་ཚུལ་ཞིག་སྤྲོད་རྒྱུའི་ཆེད་དུ་ཡིན། ཞེས་བརྗོད་འདུག
ཡང་ཡི་གེའི་ནང་དུ། འཛམ་གླིང་གི་རྒྱལ་ཁབ་དང་གཞུང་སུས་ཀྱང་བོད་རང་བཙན་ཡིན་པ་ངོས་འཛིན་བྱེད་ཀྱི་མེད། ཇུ་ཀུ་ལགས་ཆབ་སྲིད་པ་དང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ལམ་ལུགས་ལ་རྒྱབ་སྐྱོར་བརྟན་པོ་དགོས་པ་དང་། རྒྱ་ནག་གི་རང་དབང་གཙང་མའི་བདག་དབང་དང་མངའ་ཁུངས་ལ་བརྩི་བཀུར་དགོས། བོད་དང་འབྲེལ་བའི་གནད་དོན་ལ་རྒྱུས་ལོན་དགོས་པ་མ་ཟད། བོད་མིའི་བཙན་བྱོལ་གཞུང་ཟེར་བ་དང་འབྲེལ་ལམ་མཚམས་འཇོག་དགོས། ཞེས་བཀོད་འདུག
དེའི་ཐད་གྲོས་ཚོགས་འཐུས་མི་ཇུ་ཀུ་ལགས་ཀྱིས། རྒྱ་ནག་ངོས་ནས་བོད་དང་འབྲེལ་བའི་གནད་དོན་ཐོག་ལ་ངོས་ལེན་མེད་པ་དང་དགག་པ་རྒྱག་གི་ཡོད་པ་རེད། ད་དུང་རྒྱ་ནག་པེ་ཅིན་གཞུང་གིས་ཐའེ་ཝན་ལ་གཞུང་འབྲེལ་འཚམས་གཟིགས་སུ་བསྐྱོད་པར་མ་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལ་བཙན་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག
རྒྱ་ནག་གཞུང་ཚབ་ཁང་དེས་ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེ་སི་ཊོ་ནི་ཡ་ (Estonia) ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ལའང་སྐྱོན་བརྗོད་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཨེ་སི་ཊོ་ནི་ཡ་རྒྱལ་ཁབ་ནི་སྔོན་མ་ནས་བོད་དང་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན་འདུག་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༡ དང ༢༠༠༡། ༢༠༡༡ བཅས་ལ་ཡུལ་དེའི་ནང་ཕེབས་མྱོང་ཡོད་འདུག
ཚེ་རིང་རྣམ་རྒྱལ་གྱིས་གནས་ཚུལ་ཕྱོགས་སྒྲིག་བྱས།
པདྨ་མཚོས་རྩོམ་སྒྲིག་བྱས།