དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་དཔལ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས།
དེ་རིང་བོད་ཟླ་ ༨ ཚེས་ ༡ ཉིན་བྱེས་ཀྱི་དཔལ་ས་སྐྱའི་གདན་ས་ར་ཛ་སྤུར་ཆོས་སྒར་དུ། དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ཀྱི་གོ་སྒྲིག་འོག དཔལ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙི་དང་ཆབས་ཅིག་ཏུ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
དཔལ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས། དེ་རིང་ང་རང་ལོ་བརྒྱད་ཅུ་སླེབས་པའི་སྐྱེས་སྐར་ཉིན་མོར་གཙོ་བོ་བོད་མིའི་སྒྲིག་འཛུགས་དང་། རིས་སུ་མ་ཆད་པའི་བླ་བྲང་ཁག ཆོས་སྡེ་ཁག ཚོགས་སྐྱིད་ཁག མི་མང་ཚང་མས་དོ་གལ་ཆེན་པོ་བརྩིས་ཏེ་བརྟན་བཞུགས་ཟབ་རྒྱས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བརྟན་བཞུགས་ཀྱི་མཚམས་སུ་བླ་མ་སྐྱེས་ཆེན་རང་དབང་ཐོབ་མཁན་རྣམ་པར་སྐུ་བཞུགས་ཀྱི་གསོལ་བ་བཏབ་སྟེ། བླ་མས་ཀྱང་སྐུ་འཚོ་བཞུགས་ཀྱི་ཞལ་བཞེས་གནང་གི་ཡོད་པ་དེ་འདྲ་རེད། ང་ལ་མིང་ཆེན་པོ་ཞིག་ཡོད་པ་མ་གཏོགས་དོན་ལ་རང་ཉིད་སྐྱེས་བུ་ཐ་མལ་བ་རེད། མི་འདྲ་བ་གང་ཡང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ང་རང་དབང་གིས་བསྡད་རྒྱུ་ཡིན་པར་ལབ་ཐུབ་རྒྱུ་མེད་པ་རེད། ཡིན་ནའང་ད་ལན་བསྟན་བདག་བླ་ཆེན་དང་། མཁན་པོ་བླ་སྤྲུལ། དགེ་འདུན་པ་རྣམས་ཀྱིས་ཉིན་མང་པོའི་རིང་ཚེ་སྒྲུབ་ཟབ་གནད་གནང་ཡོད། མི་མང་ཚོས་དད་ལྡན་རྩེ་གཅིག་ཐོག་གནང་ཡོད། དེ་བཞིན་བོད་ནང་གི་དགོན་སྡེ་ཁག་དང་ཆོས་བརྒྱུད་ཁག་སོགས་ཀྱིས་གང་ཅིའི་ཐད་ནས་གནང་བའི་གནས་ཚུལ་མང་པོ་འབྱོར་སོང་། ཕྱི་རྒྱལ་ཁག་ནས་ཀྱང་དེ་བཞིན་གནང་འདུག ཅེས་གསུངས་སོང་།
༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས། ཚང་མས་སྐུ་ཚེ་ཚེ་སྒྲུབ་ཀྱི་བྱ་བ་རྒྱ་ཆེན་པོ་བྱས་པའི་དགེ་རྩའི་མཐུ་ལ་བརྟེན་ནས། རང་ཅག་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས། ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་སྐལ་བ་རྒྱ་མཚོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། དེ་དག་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་སྤྱིར་ང་ལོ་ཆེན་པོ་བསླེབས་ཡོད་ཀྱང་། རང་ཉིད་ཀྱི་སེམས་ཤུགས་རྩ་བ་ཉིད་ནས་ཆག་མེད། ཆོས་ཐམས་ཅད་ཕྱི་ནང་གི་རྒྱུ་རྐྱེན་དང་རྟེན་འབྲེལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། འདི་ལྟ་བུའི་ཚེ་སྒྲུབ་ཀྱི་ཆོ་ག་རྒྱ་ཆེར་གནང་བའི་བཀའ་དྲིན་ལ་བརྟེན་ནས་རང་ཉིད་ཡུན་རིང་འཚོ་བའི་ཡིད་ཆེས་བརྟན་པོ་ཡོད། ཆོ་གའི་གཞུང་ནས། ག་དུས་བསྟན་པ་རྒྱས་པ་དང་།། སེམས་ཅན་ཕན་པའི་རྒྱུ་གྱུར་ན།། མི་ལོ་བརྒྱ་ཚར་བརྒྱད་ལྷག་སོགས།། གང་ཐུབ་འཚོ་བར་བླ་མ་དང་།། རྒྱལ་བ་སྲས་དང་བཅས་པའི་བདག ། དབང་ཕྱུག་ལྡན་པར་བྱིན་གྱིས་རློབས།། ཞེས་གསུངས་བ་བཞིན་དེ་དེ་བཞིན་ཞུའོ། ཅེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།