ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུའི་ཁྲོད་འོས་མི་བཀྲིས་དོན་གྲུབ་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུ་གྲུབ་ཟིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ས་གནས་འོས་བསྡུའི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམས་ལ་སྤྱི་ལས་ཁུངས་སུ་ཚང་འཛོམས་ཀྱིས་འོས་ཤོག་གྲངས་བཤེར་གྲུབ་སྟེ་མཇུག་འབྲས་གསལ་བསྒྲགས་གནང་འདུག
དེ་རིང་ལ་དྭགས་ས་གནས་འོས་བསྡུ་ལྷན་ཁང་གིས་ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་། ལ་དྭགས་བསོད་ནམས་གླིང་ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུའི་ནང་འོས་མི་གཉིས་ཏེ། བརྒྱ་ཤོག་ ༣ ཁང་ཨང་ ༡༤ ནས་ཡིན་པའི་འོས་མི་དོན་གྲུབ་ཚེ་རིང་ལགས་ལ་འོས་གྲངས་ ༨༤༥ དང་། བརྒྱ་ཤོག་ ༩ ཁང་ཨང་ ༣༣ ནས་ཡིན་པའི་འོས་མི་བཀྲིས་དོན་གྲུབ་ལགས་ལ་འོས་གྲངས་ ༩༡༢། འོས་ཤོག་རྩིས་མེད་ ༩ བཅས་ཁྱོན་བསྡོམས་འོས་འཕེན་མཁན་ ༡༧༦༦ བྱུང་སྟེ། བཀྲིས་དོན་གྲུབ་ལགས་སུ་ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག
ཕྱི་ལོ་ ༢༠༢༥ ལོའི་ལ་སྤྱི་གསར་པ་བཀྲ་ཤིས་དོན་གྲུབ་ལགས་ནི་མངའ་རིས་ནས་ཡིན་ཞིང་། ཆུང་དུས་ནས་ལ་དྭགས་བོད་ཁྱིམ་དུ་སློབ་གྲྭར་འགྲིམས་ནས་ཕྱི་ལོ་ ༢༠༡༡ ལོར་ལ་དྭགས་བོད་ཁྱིམ་དུ་འཛིན་རིམ་བཅུ་བ་ཐོན། དེ་ནས་ཕྱི་ལོ་ ༢༠༡༣ ལོར་དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ་འཛིན་རིམ་བཅུ་གཉིས་ཐོན། ཕྱི་ལོ་ ༢༠༡༦ ལོར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ (Delhi University) ནས་ཚོང་རིག་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ན་ (Haryana) ཡི་གྲོང་ཁྱེར་སོ་ནི་པ་ཏི་ (Sonipat) རུ་རྟེན་གཞི་བྱས་པའི་ (O P Jindal Global University) ནས་གཞུང་དང་མི་མང་སྲིད་བྱུས་ཐོག་གཙུག་ལག་རབ་འབྱམས་པ་ཐོན། གཞན་ཡང་། ཕྱི་ལོ་ ༢༠༡༥ ལོར་ལྡི་ལིའི་བོད་ཁྱིམ་དུ་བསྡད་པའི་རིང་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཞོན་གྱི་ལས་འགན་ཁུར་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ནས་ཕྱི་ལོ་ ༢༠༢༤ ཟླ ༡༠ ཚེས་ ༣༠ བར་མི་ལོ་དྲུག་རིང་ལ་སྤྱི་ལས་ཁུངས་སུ་འཆར་འགོད་ཀྱི་ལས་གནས་གནང་མྱོང་ཡོད་པ་རེད།
ས་གནས་གསར་འགོད་པ་ཚེ་རིང་ནོར་བུ་དང་། གསར་འགོད་པ་བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།