སྲིད་ན་སྒྲུན་ཟླ་བྲལ་བའི་རྣམ་དཔྱོད་ཅན། །བཀའ་དྲིན་མཚུངས་མེད་འཕགས་བོད་ལོ་པཎ་དང༌།།
བཱངྒཱ་ལ་ཡི་མཁན་ཆེན་ཞི་འཚོ་དང་། །པདྨའི་ངང་ཚུལ་དཔལ་ལྡན་ཨ་ཏི་ཤའི།།
གངས་ཅན་ལྗོངས་ཀྱིས་བཀའ་དྲིན་ཇི་ལྟར་གཞལ།།
གནའ་བོའི་བཱངྒལའི་པཎ་ཆེན་རྗེས་སུ་སྙེག །དེང་རབས་སྙན་གྲགས་ཅན་གྱི་བཱངྒཱ་ལའི།།
སློབ་དཔོན་ཆེན་པོ་ལུགས་བཟང་གཞོན་ནུ་༼ སུ་ནཱི་ཏི་ཀུ་མཱར༽ ཡི། །འཕགས་བོད་ཚན་པས་བཀའ་དྲིན་ཇི་ལྟར་གཞལ།།
འཕགས་བོད་གཞུང་ལུགས་ཆུ་བོའི་གཏེར་ལྟ་བུར། །མཁས་བཙུན་བཟང་གསུམ་མཚན་ཉིད་གསུམ་ལྡན་ཅན།།
རིག་པའི་ལྷ་སྐལ་འཇམ་དཔལ་གཞོན་ནུ་ཡིས། །བྱིན་གྱིས་རླབས་ལྟར་རིག་པའི་གནས་ལྔ་པོར།།
ཐོས་བསམ་དལ་འགྲོའི་རྒྱུན་བཞིན་བསྟེན་པ་ཡིས། །ཤེས་བྱ་རིག་པའི་གནས་ལ་ཀློང་བརྡོལ་ནས།།
གནའ་བོའི་པཎ་ཆེན་ཞབས་ཀྱི་རྗེས་བསྙེགས་པ། །སློབ་དཔོན་ལུགས་བཟང་གཞོན་ནུར་མགོས་ཕྱག་འཚལ།།
ཞེས་བཀའ་དྲིན་བརྗོད་ཀྱིས་མི་ལངས་པ་སློབ་དཔོན་ཆེན་པོ་མཁས་དབང་སུ་ནཱི་ཏི་ཀུ་མཱར་པཱཋཀ་མཆོག་༼ ལུགས་བཟང་གཞོན་ནུ་མཆོག་༽ ལ་བརྩེ་སེམས་འཁོལ་བའི་ངང་ནས་གུས་ཕྱག་གིས་མདུན་བསུས་ཏེ་གང་གི་རྣམ་ཐར་སྙིང་བསྡུས་ཤིག་ས་བོན་གྱི་ཚུལ་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ངར་འབུལ་བ་ལ། དེ་ཡང་སློབ་དཔོན་ཆེན་པོ་ལུགས་བཟང་གཞོན་ནུ་མཆོག་འཇིག་རྟེན་འདིར་སྐུ་འཁྲུངས་ནས་མི་ཚེ་ཧྲིལ་པོ་བརྒྱ་འཁོར་བའི་རྗེས་ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༠༤ རེས་གཟའ་ལྷག་པའི་དགོང་དྲོ་ཆུ་ཚོད་ ༡༠ ཙམ་ལ་ནུབ་བཱངྒཱལ་མངའ་སྡེའི་ཤནཏི་ནི་ཀེ་ཏན་རང་ཁྱིམ་དུ་སྐུ་ཚེའི་འཕེན་པ་རྫོགས་ཤིང༌། ཁོང་ནི་རྒྱ་གར་འཕགས་ཡུལ་གྱི་གཟེངས་སུ་ཐོན་པའི་དེང་རབས་བོད་རིག་པའི་མཁས་དབང་ཞིག་ཡིན་པ་ནི་བསྙོན་མེད་ལགས། མཁས་དབང་ཁོང་ནི་ཕྱི་ལོ་ ༡༩༢༤ ཟླ་ ༦ ཚེས་ ༡ ཉིན་ནུབ་བཱངྒཱལ་མངའ་སྡེའི་གྲོང་གསེབ་ཅེ་ཏུ་ཝ་རཱཇ་ན་གར་ (Chetuvaraj Nagar) ཞེས་པ་མེ་དི་ནཱི་པུར་རྫོངས་ (Medinipur district) ཁོངས་སུ་ཡབ་པྲ་བོདྷ་ཅནྡྲ་པཱ་ཋཀ་ (Prabodh Chandra Pathak) དང་ཡུམ་ཤིཝ་ལི་ནཱི་ (Shaivalini) གཉིས་ཀྱི་རིགས་ཀྱི་མྱུ་གུར་སྐུ་འཁྲུངས་ཤིང༌། སྐུ་ན་ཆུང་དུས་ནས་མ་ཡུམ་སྐུ་ཚེ་མ་ཟིན་པར་ཕྱེད་དྭ་ཕྲུག་ཏུ་ལུས་ཀྱང་ཁོང་གི་ཨ་ཞང་ལགས་མཁས་དབང་དུ་རྒ་ཅ་རཎ་ཅཊསྟྲཱི་མཆོག་ (Prof. Durga Charan Chatterjee) ༼ཁོང་ནི་བོད་རིག་པ་དང་ནང་པའི་ཚད་མ་རིག་པའི་གཞུང་ལུགས་ཀྱི་མཁས་དབང་ཞིག་ཡིན།༽ གིས་ཐུགས་བརྩེ་ཆེན་པོས་རང་ཉིད་ཀྱི་གཅེས་པའི་བུ་ཕྲུག་ལྟར་བྱམས་སྐྱོང་གི་སྒོ་ནས་གསོ་སྐྱོང་གནང་བ་མ་ཟད། ཆབས་གཅིག་ཏུ་ཤེས་ཡོན་སློབ་གསོའི་ཐོག་ནས་སློབ་མ་ལྟ་བུའི་གཅེས་སྐྱོང་དང་བསླབ་པ་སློབ་གཉེར་གྱི་ཐོག་ལ་མ་འོངས་ལམ་སྟོན་དང་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་བ་སོགས་ཕ་མ་ལྟ་བུས་བཀའ་དྲིན་ཚད་མེད་བསྐྱངས།
ཕྲན་རང་ཉིད་ཕྱི་ལོ་ ༡༩༩༧ ལོར་སློབ་དཔོན་ཆེན་པོ་ཁོང་དང་ལྷན་དུ་ཐོག་མར་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང༌། སྐབས་དེར་འཇར་མན་རྒྱལ་ཁབ་ཀྱི་བོད་ལུགས་གསོ་བ་རིག་པའི་ཐོག་ཉམས་ཞིབ་གནང་མཁན་འབུམ་རམས་པ་ལྕམ་སྐུ་སྦར་ སྦ་ར་ཇེར་ཀེ་ལགས་ (Dr. Barbara Gerke) དང་ལྷན་དུ་བོད་ཀྱི་གསོ་བ་རིག་པའི་ཉམས་ཞིབ་དང་འབྲེལ་ཡོད་ཀྱི་ལས་དོན་ ཞིག་གི་ཆེད་ཀལ་ཀ་ཏའི་ཨེ་ཤི་ཡ་ཊིཀ་སོ་ས་ཡི་ཊི་དཔེ་མཛོད་ཁང་ (Asiatic Society of Bengal, Calcutta) དུ་བསྐྱོད་སྐབས་ཐོག་མར་སློབ་དཔོན་ཆེན་པོ་སུ་ནཱི་ཏི་ཀུ་མཱར་པཱཋཀ་མཆོག་ (Prof. Suniti Kumar Pathak) མཇལ་རྒྱུའི་བསྐལ་བཟང་ཐོབ།
ཁོང་ནི་བགྲེས་སོང་ཞི་དུལ་བག་ཡོད་ལྡན་པའི་འཕགས་ཡུལ་གྱི་དེང་རབས་ཀྱི་པཎྜི་ཏ་སྐབས་དེར་༼ ༡༩༩༧ ༽ དགུང་ལོ་ བདུན་ཅུ་དོན་གྲངས་ཙམ་ཟིན་འདུག དེའི་ཚེ་སློབ་དཔོན་ཁོང་གིས་བོད་སྐད་ཐོགས་མེད་དུ་གསུངས་པ་ཐོས་འཕྲལ་ཕྲན་རང་ངོ་མཚར་ཆེན་པོ་སྐྱེས་བྱུང༌། ཁོང་གིས་དམ་པའི་སྤྱོད་ཚུལ་གྱི་ཐོག་ནས་ཁེངས་སྐྱུང་དང་བཅས་གསུངས་དོན། ང་ནི་ལྐུགས་པ་ ཡིན་ཞེས་བརྗོད་པ་དེ་ནི་ཕྲན་གྱི་མི་ཚེའི་ནང་རྒྱ་གར་བ་མཁས་དབང་ཞིག་གིས་བོད་སྐད་བསྐྱོན་པ་ཐོག་མར་གོ་ཐོས་བྱུང་བ་དེ་ཡིན། ཀལ་ཀ་ཏ་ནས་བཀའ་བློན་སྦུག་ཏུ་ཕྱིར་ལོག་རྗེས་འབུམ་རམས་པ་ཌོག་ཊར་སྦར་སྦ་ར་མཆོག་གིས་ཞུ་སྒྲིག་བགྱིས་པའི་ཨཱཡུར་བི་ཛྙཱན་ (Äyur (Āyur Vijñāna, Pub. International Trust for Traditional Medicine) ཞེས་པའི་དུས་དེབ་ཐོག་དཔའ་བོའི་ཡན་ལག་བརྒྱད་པ་དང་འབྲེལ་ཡོད་དཔྱད་རྩོམ་ཞིག་སློབ་དཔོན་ལུགས་བཟང་གཞོན་ནུ་མཆོག་དང་ཌོཀ་ཊར་སྦར་སྦ་ར་དེ་བཞིན་ཕྲན་བཅས་ཀྱི་མིང་ཐུན་མོང་གི་ཐོག་ནས་ ༡༩༩༧ ལོར་པར་སྐྲུན་གནང་།
དེ་ནས་ལོ་ལྔ་ཙམ་གྱི་རྗེས་ཕྲན་རང་ཉིད་བི་ཤྭ་བྷཱ་ར་ཏཱི་མཐོ་སློབ་ (Visva-Bharati University) ཀྱི་ནང་ཚན་འཕགས་བོད་རིག་གནས་སློབ་གཉེར་ཁང་ (Department of Indo-Tibetan Studies) དུ་ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༢༦ ཉིན་དགེ་རྒན་གྱི་ལས་གནས་སུ་བསྐོ་བཞག་བྱུང་བ་དང་དུས་དེ་ནས་བཟུང་སློབ་དཔོན་ཆེན་པོ་ལུགས་བཟང་གཞོན་ནུ་མཆོག་དང་མུ་མཐུད་ནས་སྡེ་ཚན་གྱི་ལས་དོན་དང་སྒེར་གྱི་ལས་དོན་སོགས་དང་འབྲེལ་བའི་ཐོག་ནས་མཇལ་འཕྲད་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ལན་མང་པོ་ད་བར་ཟམ་མ་ཆད་པའི་བསྐལ་བཟང་ཐོབ།
སྐད་ཡིག་གི་མཁྱེན་རྒྱ།
ཁོང་ནི་སྐད་ཡིག་མང་པོ་ཞིག་དང་རིག་གནས་ཁག་གཅིག་ལ་མངའ་བརྙེས་པའི་རྣམ་དཔྱོད་ཅན་གྱི་གང་ཟག་ཁྱད་པར་བ་ཞིག་ཡིན། དཔེར་ན། པཱ་ལཱིའི་སྐད། ལེགས་སྦྱར་གྱི་སྐད། ཧིནྡིའི་སྐད། བཱངྒ་ལ། དབྱིན་སྐད། རྒྱ་སྐད་སོགས་ཀྱི་སྐད་ལ་མཁྱེན་རྒྱ་ཧ་ཅང་ཆེ་ཞིང་སྐད་ཡིག་དེ་དག་དང་འབྲེལ་ཡོད་ཀྱི་གཞུང་ལུགས་སོགས་ཀྱི་སྐོར་ངོ་མཚར་སྐྱེས་འོས་པའི་ཚད་ལྡན་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་མྱོང་ཡོད།
བསླབ་པ་སློབ་གཉེར།
ཕྱི་ལོ་ ༡༩༥༠ ལོར་ཀལ་ཀ་ཏ་མཐོ་རིམ་སློབ་གྲྭ་ནས་པཱ་ལཱི་སྐད་དང་ནང་ཆོས་ཀྱི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཀལ་ཀ་ཏ་མཐོ་སློབ་ཏུ་ཕྱི་ལོ་ ༡༩༤༨ ནས་ ༡༩༥༠ བར་སོག་པོ་དགེ་བཤེས་བཟང་པོ་མཆོག་གི་སྐུ་མདུན་ནས་ཐོག་མར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཐོག་བསླབ་པ་སློབ་གཉེར་གནང་ཞིང༌། དེ་རྗེས་ཕྱི་ལོ་ ༡༩༥༡ ནས་ ༡༩༥༤ བར་ཀལ་ཀ་ཏ་མཐོ་རིམ་སློབ་གྲྭ་ནས་རྒྱ་བོད་ཉམས་ཞིབ་ཀྱི་སློབ་ཡོན་ (Sino-Tibetan Research Scholarship) ཐོབ་ཅིང་སྐབས་དེར་ཀལ་ཀ་ཏའི་མཐོ་སློབ་ནང་ཚན་པཱ་ལཱི་སྡེ་ཚན་གྱི་སྙན་གྲགས་ཅན་གྱི་ནང་པའི་མཁས་དབང་སློབ་དཔོན་ཆེན་པོ་ན་ལི་ནཱཀྵ་དཏྟ་ (Prof.Nalinaksha Dutta) དང་ཨ་ནུ་ཀུལ་ཅནྡྲ་བ་ནནྡཱི་ (Prof. Anukul Chandra Banerjee) ལྷན་གཉིས་ཀྱི་ལམ་སྟོན་འོག བཀའ་བློན་སྦུག་ཏུ་ཨུ་རུ་སུའི་བོད་རིག་པའི་མཁས་དབང་སློབ་དཔོན་ཆེན་པོ་ཇོར་ཇི་རོ་རིཀ་མཆོག་ (Prof. George Nicholas Roerich) ༼ཁོང་ནི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་རྒྱལ་རབས་དེབ་ཐེར་སྔོན་པོ་མཁས་དབང་ཨ་མདོ་དགེ་འདུན་ཆོས་འཕེལ་དང་ལྷན་དུ་དབྱིན་སྐད་ཐོག་ཕབ་བསྒྱུར་མཛད་མཁན་དེ་ཡིན།༽ གི་དྲུང་ནས་བོད་རིག་པ་དང་འབྲེལ་བའི་ཐད་སློབ་གཉེར་ལོ་ཕྱེད་དང་གསུམ་ཙམ་རིང་གནང་བའི་ཞར་ལ་སློབ་དཔོན་ལུགས་བཟང་གཞོན་ནུ་མཆོག་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་ཧ་ཅང་གི་ཆེ་མཐོང་གནང་མཁན་དང་དོན་གཉེར་གྱི་མཁྱེན་འདོད་སྐོམ་པ་ཆུ་འདོད་ལྟ་བུ་ཡོད་པའི་མཁས་དབང་ཞིག་ཡིན་པར་བརྟེན། བཀའ་སྦུག་ས་གནས་སུ་གཙོ་བོ་བོད་ཀྱི་དངོས་ཟོག་རིགས་ཀྱི་ཚོང་ལས་གཉེར་མཁན་རྒྱ་གར་གྱི་ཚོང་པ་དང་ལྷན་དུ་བོད་སྐད་ཀྱི་ཟ་སྐད་ཐུང་སྐད་སྦྱོང་བརྡར་ཆེད་ཉིན་ལྟར་བསྐྱོད་མྱོང་ཡོད། ཕྱི་ལོ་ ༡༩༥༦ ལོར་བི་ཤྭ་བྷཱ་ར་ཏཱི་མཐོ་སློབ་ཀྱི་རྒྱ་སྐད་སྡེ་ཚན་ནས་རྒྱ་སྐད་ཀྱི་ཐོག་སློབ་མ་རྩེ་ཕུད་གྲས་ཀྱི་ཌིབ་ལོ་མའི་ (Diploma) ཕྱག་འཁྱེར་བཞེས།
བོད་རིག་པའི་ཐོག་ཞིབ་འཇུག་གི་ཉམས་མྱོང་།
ཕྱི་ལོ་ ༡༩༥༦ ནས་ ༡༩༥༨ བར་པྲེམ་ཅནྡ་རཱཡི་ཅནྡ་ (Premchand Roychand Scholarship) ཉམས་ཞིབ་ཀྱི་སློབ་ཡོན་ཐོབ་ཅིང་བསྟན་འགྱུར་དུ་བཞུགས་པའི་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་ (Indian Nitishastras in Tibet) ཐོག་ཉམས་ཞིབ་གནང་། ཕྱིས་སུ་ ༡༩༧༤ ལོར་དཔྱད་རྩོམ་དེ་མོ་ཏི་ལཱལ་བ་ནར་སི་དཱས་ (Motilal Banarsidass) པར་སྐྲུན་ཁང་ནས་པར་དུ་བཏབ། ཕྱི་ལོ་ ༡༩༥༦ ལོར་རྟ་དབང་དགོན་པར་བཞུགས་པའི་ཤིང་པར་དང་ལག་བྲིས་ཕྱག་དཔེ་རྣམས་ཀྱི་དཀར་ཆག་ཕྱོགས་བསྒྲིགས་བགྱིས། དེ་རྗེས་ཕྱི་ལོ་ ༡༩༧༩ ཟླ་བ་ ༦ ནས་ ༨ བར་ཨ་རུ་ཎཱ་ཅལ་མངའ་སྡེའི་རྫོངས་ཁག་ལྔ་ནང་བཞུགས་པའི་དགོན་སྡེ་རྣམས་ཀྱི་གནའ་བོའི་ཅ་དངོས་རྙིང་པ་དང་ཤིང་པར་དང་ལག་བྲིས་བཅས་ཀྱི་ཕྱག་དཔེ་རྣམས་ལ་ཞིབ་འཇུག་གནང་། དེ་ནས་ཕྱི་ལོ་ ༡༩༨༩ ནས་ ༡༩༩༡ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་ལོ་རྒྱུས་ཉམས་ཞིབ་ལྷན་ཁང་ (Indian Council of Historical Researches, New Delhi) ཁོངས་ཀྱི་ཉམས་ཞིབ་པ་རྒན་པའི་ཚུལ་དུ་བོད་ཡིག་ཐོག་བཞུགས་པའི་རྒྱ་གར་གྱི་གསང་སྔགས་རྒྱུད་སྡེའི་རྩོམ་རིག་གི་བྱུང་བའི་སྐོར་ཉམས་ཞིབ་གནང་།
ཁོང་ནི་ཨིནྡི་རཱ་གཱཎྜཱི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་ (Indira Gandhi National Centre for Arts, New Delhi)། ཝཱ་རཱ་ཎ་སཱི་བོད་ཀྱི་ཆེེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་ཀ་ལ་ཀ་ཏར་རྟེན་གཞི་བྱས་པའི་རྒྱལ་ཡོངས་དཔེ་མཛོད་ཁང་ (National Library, Calcutta) བཅས་ཀྱི་ཀ་ལཱ་ཀོཥ་ཞེས་པའི་ལས་འཆར་འོག་རྒྱ་གར་ནང་གཅེས་ཉར་གནང་བའི་བོད་ཡིག་གི་ཤིང་པར་དང་ལག་བྲིས་མའི་ཕྱག་དཔེ་ཡོད་དོ་ཅོག་གི་དཀར་ཆག་དཔེ་ཐོ་ཕྱོགས་བསྒྲིགས་ (Union Catalogue of Tibetan Manuscripts and Xylographs in India) ཚོགས་ཆུང་ནང་སློབ་སྟོན་པ་གནང་མྱོང་ཡོད།
ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར་ཀ་ལ་ཀ་ཏའི་ཨེ་ཤི་ཡ་ཊིཀ་སོ་ས་ཡི་ཊི་ (Asiatic Society of Bengal, Kolkata) ཡི་འགྲོ་གྲོན་འོག་རྒྱ་གར་ཧི་མཱ་ལ་ཡའི་བྷོ་ཊི་སྐད་ཡིག་ཐོག་ཉམས་ཞིབ་གནང༌། དེ་བཞིན་དུ་ཕྱི་ནང་མི་རིགས་ཀྱི་ཉམས་ཞིབ་སློབ་མ་མི་ཉུང་བ་ཞིག་དུས་ད་ལྟ་བར་གསོ་སྐྱོང་གནང་། མདོར་ན་ཁོང་གིས་བོད་རིག་པ་དང་ནང་པའི་ལྟ་གྲུབ་དང་རིག་གཞུང་བཅས་ཀྱི་ཐད་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་མྱོང་ཡོད་པས་གཤམ་དུ་དབྱིན་སྐད་ཐོག་འཁོད་པའི་དཔེ་ཐོར་གཟིགས་ན་མཁྱེན། རྒྱལ་ཁབ་ནང་གི་མངའ་སྡེ་དུ་མ་དང་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཡུ་རོབ་། དེ་བཞིན་ཨེ་ཤི་ཡ་སོགས་ཀྱི་ཡུལ་གྲུ་དུ་མར་བོད་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་དེ་བཞིན་ནང་པའི་ལྟ་གྲུབ་དང་རིག་གཞུང་སོགས་ཀྱི་སྐོར་གཏམ་བཤད་ལན་མང་གནང་མྱོང་ཡོད།
མཁས་དབང་ཁོང་ལ་རྒྱལ་ཡོངས་རང་བཞིན་ལྡན་པའི་སྒྲིག་འཛུགས་འདྲ་མིན་གྱི་ཐོག་ནས་ཁོང་གིས་ཤེས་ཡོན་གྱི་གསར་བཏོད་བྱ་གཞག་ཐད་ལེགས་སྐྱེས་ཕུལ་མྱོང་ཡོད་པས་རྒྱ་གར་ནང་པའི་སློབ་གཉེར་ལྷན་ཚོགས་ (Indian Society for Buddhist Studies) དང་རྒྱ་གར་གྱི་མི་རྗེ་སྲིད་འཛིན་སོགས་ནས་གཟེངས་བསྟོད་ཀྱི་་བྱ་དགའ་ (Certificate of Honour) གསོལ་རས་བསྩལ།
སློབ་འཁྲིད་ཀྱི་ཉམས་མྱོང་།
འཕགས་ཡུལ་གྱི་ཆེས་ཐོག་མར་ནོ་འབེལ་རྩོམ་རིག་གི་བྱ་དགའ་བཞེས་མྱོང་མཁན་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྩོམ་པ་པོ་སྙན་ངག་མཁན་གྲགས་ཅན་ (Rabindranath Tagore) ཇོ་བོ་ཉི་དབང་དགོན་པོས་ཕྱག་བཏབ་པའི་བི་ཤྭ་བྷཱ་ར་ཏཱི་མཐོ་རིམ་སློབ་གྲྭའི་ (Visva-Bharati Uiversity) འཕགས་བོད་རིག་གནས་སློབ་གཉེར་ཁང་ (Department of IndoTibetan Studies) དུ་ཕྱི་ལོ་ ༡༩༥༤ ནས་ ༡༩༨༤ བར་སློབ་དཔོན་ཆེན་པོའི་ལས་གནས་བཞེས། བིཤྭ་བྷཱ་ར་ཏཱི་མཐོ་སློབ་ཀྱི་ནང་ཚན་འཕགས་བོད་རིག་གནས་སློབ་གཉེར་ཁང་དུ་ཐོག་མར་ཕྱི་ལོ་ ༡༩༥༤ ལོར་སློབ་དཔོན་དུ་བསྐོ་བཞག་གནང་རྗེས། རྒྱ་གར་དབུས་གཞུང་ནས་བདེ་སྲུང་དམག་སྒར་ནང་དམག་མི་ཚོར་བོད་སྐད་སློབ་འཁྲིད་ཆེད་གདན་འདྲེན་ཞུས་པ་ལྟར་ཕྱི་ལོ་ ༡༩༥༩ནས་ ༡༩༦༧ བར་ལོ་ངོ་བརྒྱད་རིང་ནཻ་ནཱི་ཏཱལ་ (Nainital) དང་ཌལ་ཧོ་ཇཱ་ (Dalhousie) ས་གནས་སོགས་སུ་བོད་དགེའི་ཐུགས་འགན་བཞེས། སྐབས་དེའི་རྒྱགར་གྱི་སྲིད་བློན་དམ་པ་པཎྜི་ཏ་ཇབཱ་ཧར་ལཱལ་ནེཧ་རུ་མཆོག་ (Pandit Jawaharlal Nehru) གིས་བཀའ་གནང་བ་གཞིར་བཟུང་རྒྱ་བོད་ཀྱི་དམག་འཁྲུག་སྐབས་རྒྱ་གར་གྱི་དམག་མི་རྣམས་ལ་བོད་སྐད་ཀྱི་སྦྱོང་བརྡར་གནང་མྱོང་ཡོད། ཕྱི་ལོ་ ༡༩༦༢ ལོའི་རྒྱ་བོད་ཀྱི་དམག་འཁྲུག་ཞི་འཇམ་བྱུང་རྗེས། པཎྜི་ཏ་ཇབཱ་ཧར་ལཱལ་ནེཧ་རུ་མཆོག་ (Pandit Jawaharlal Nehru) གི་བཀའ་འཁྲོལ་ཞུས་ཐོག་ཕྱི་ལོ་ ༡༩༦༨ ལོར་སླར་ཡང་བིཤྭ་བྷཱ་ར་ཏཱི་མཐོ་སློབ་ཏུ་ཕྱིར་ལོག་ཕེབས་གནང་ཞིང་། དེ་ནས་མུ་མཐུད་དེ་སློབ་འཁྲིད་གནང་བཞིན་ཕྱི་ལོ་ ༡༩༨༤ ལོར་རྒན་ཡོལ་དུ་ཕེབས། ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་ཀ་ལ་ཀ་ཏའི་ཨེ་ཤི་ཡ་ཊིཀ་སོ་སཡི་ཊི་ (Asiatic Society of Bengal, Kolkata) རུ་བོད་རིག་པའི་སྐོར་བསྐྱོད་སློབ་དཔོན་ (Visiting Professor in Tibetan Studies) གནང་ཞིང་། དེ་རྗེས་ ༡༩༨༩ ནས་ ༡༩༩༢ བར་བོད་རིག་པའི་ཉམས་ཞིབ་པ་རྒན་པའི་ཐུགས་འགན་བཞེས། (Senior Research Fellow in Tibetan Studies) ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར་ཧང་ག་རིའི་ (Hungary) བོད་རིག་པའི་མཁས་དབང་ཨེལེ་ཀ་སི་ཛེན་དྲར་ཛོ་མ་དེ་ཀོ་རོ་སི་ཉམས་ཞིབ་སློབ་དཔོན་ (Alexender Csoma de Körös Research Professor) གྱི་ཐུགས་འགན་བཞེས། དེ་རྗེས་ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་རྒྱ་གར་མཐོ་སློབ་ཐེབས་རྩ་ལྷན་ཚོགས་ཀྱི་ལོ་འཁོར་དམིགས་བསལ་གསུང་བཤད་ཀྱི་ལས་འཆར་མཛད་རིམ་ (UGC Annual Special Lecture Programme) གྱི་འོག་ལྡི་ལི་མཐོ་སློབ་ཀྱི་ནང་པའི་སྡེ་ཚན་ (Department of Buddhist Studies, Delhi University) དུ་སྐོར་བསྐྱོད་སློབ་དཔོན་ཆེན་པོའི་ (Visiting Professor) ཐུགས་འགན་བཞེས།
ཕྱི་ལོ་ ༢༠༠༨ ཟླ་ ༤ ནང་དུས་ཡུན་ཟླ་བ་གཅིག་གི་རིང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་ཤིམ་ལ་རུ་རྟེན་གཞི་བྱས་པའི་རྒྱ་གར་མཐོ་རིམ་ཉམས་ཞིབ་སློབ་གཉེར་ཁང་ (Indian Institute of Advanced Studies, Shimla) དུ་ཉམས་ཞིབ་པའི་སློབ་སྟོན་དུ་གདན་འདྲེན་ཞུས་པ་བཅས་སློབ་དཔོན་ཆེན་པོ་ལུགས་བཟང་གཞོན་ནུ་མཆོག་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་བོད་སྐད་ནང་ཐོག་མར་འབུལ་ལམ་ཞུས་པ་ལགས་ན་འདིས་ཀྱང་དོན་གཉེར་ཅན་གྱི་རྒྱལ་ཕྱི་ནང་གི་བོད་རིག་པའི་སློབ་མ་རྣམས་ལ་ཕན་ཐོགས་འབྱུང་བར་སྨོན།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༥ རེས་གཟའ་ཉི་མར་བིཤྭ་བྷཱ་ར་ཏཱི་མཐོ་སློབ་ཀྱི་ནང་ཚན་འཕགས་བོད་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་མིང་འཛིན་འབུམ་རམས་པ་བཤད་སྒྲུབ་བསྟན་འཛིན་གྱིས།།