༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་ཕོབ་ལེའོ་མཆོག་ཡེ་ཤུ་ཆོས་དཔོན་དུ་བསྐོས་པ་དེས་འཛམ་གླིང་མི་མང་ལ་རེ་བ་གསར་པ་ཞིག་སྩལ་ཡོད་སྐོར་སོགས་གསུངས་འདུག

དེ་རིང་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་(Robert Prevost Pope Leo XIV) མཆོག་ཡེ་ཤུའི་ཆོས་དཔོན་ཐེངས་ ༢༦༧ པར་བསྐོས་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། ཁོང་ཉིད་ཡེ་ཤུ་ཆོས་དཔོན་དུ་བདམས་པ་དེས། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་གཅིག་པུ་མིན་པར། བྱམས་བརྩེ་དང་ཞི་བདེའི་འཛམ་གླིང་འདོད་མཁན་གྱི་སྐྱེས་བུ་མང་པོར་རེ་བ་གསར་པ་ཞིག་སྩལ་ཡོད་སྐོར་སོགས་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། ངོས་རང་ཁྱེད་ཀྱི་ཆོས་དཔོན་གོང་མ་དག་དང་ཐེངས་འགར་མཇལ་ནས་མཛའ་བརྩེ་ལྡན་པའི་ཐོག་ནས་སྐད་ཆ་མོལ་རྒྱུ་བྱུང་བར་དགའ་ཚོར་ཧ་ཅང་ཆེ། མི་ལོ་བཅུ་ཕྲག་བཞི་ཙམ་གྱི་གོང་ངོས་རང་ཆོས་ལུགས་ཕན་ཚུན་གྱི་བསམ་བློ་བརྗེ་རེས་ཀྱི་འདུ་འཛོམས་ལ་འཛུལ་ཤུགས་བྱེད་སྐབས། ཡེ་ཤུའི་གཅེན་གཅུན་རྣམས་ལའང་མཇལ་མོལ་བྱ་རྒྱུ་བྱུང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེའི་ཐོག་ནས། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་ནི་ངོས་རང་གི་དམ་བཅའ་བཞིའི་གྲས་ཀྱི་གཅིག་ཡིན་ལ། ཕྱི་ལོ་ ༡༩༨༦ ལོར་ཡེ་ཤུ་ཆོས་དཔོན་ཕོབ་Pope John Paul II མཆོག་གིས་གོ་སྒྲིག་གནང་བའི་ཆོས་ལུགས་ཕན་ཚུན་བར་གྱི་ཚོགས་འདུར་ཞུགས་པ་དེས་བློ་སྐྱེད་ཆེན་པོ་གནང་བྱུང་། ཞེས་དང་། གནད་དོན་ཧ་ཅང་མང་པོ་ཞིག་གདོང་ལེན་བྱ་དགོས་པའི་དུས་སྐབས་འདིར། ཁྱེད་རང་ཆོས་དཔོན་དུ་འདེམས་པ་དེས། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་གཅིག་པུ་མིན་པར། བྱམས་བརྩེ་དང་ཞི་བདེའི་འཛམ་གླིང་འདོད་མཁན་གྱི་སྐྱེས་བུ་མང་པོར་རེ་བ་གསར་པ་ཞིག་སྩལ་བ་ཡིན། ཞེས་གསུངས་འདུག
ཁ་སང་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག་གིས་ཨི་ཊི་ལིར་རྟེན་གཞི་བྱས་པའི་ St. Peter’s Basilica ཡེ་ཤུའི་ལྷ་ཁང་གི་བར་འཁྱམས་སུ་ཕེབས་ནས་མི་མང་ལ་ཐོག་མར་མཇལ་ཁ་གནང་སྐབས། ཞི་བདེ་འདི་ནི་གོ་མཚོན་མེད་པ་དང་དམའ་ས་བཟུང་བ། གནས་སྲུང་ཐུབ་པ་ཞིག་ཡིན། དེ་ནི་དཀོན་མཆོག་གིས་གནང་བ་རེད། དཀོན་མཆོག་ནི་ཚད་དང་ཆ་རྐྱེན་གང་ཡང་མེད་པར་ང་ཚོ་ཚང་མར་དགའ་ཞེན་ཆེ་ཞིང་། འདས་པོ་ཡེ་ཤུའི་ཆོས་དཔོན་ཕོབ་ (Pope Francis) མཆོག་གིས་རོམ་ལ་བྱིན་གྱིས་བརླབས་ཡོད། ཅེས་དང་། དཀོན་མཆོག་གིས་ང་ཚོར་བྱམས་པ་དང་དགའ་ཞེན་ཡོད་ཀྱང་། ངན་པར་ནམ་ཡང་རྒྱལ་ཁ་མི་ཐོབ། ང་ཚོ་ཚང་མ་དཀོན་མཆོག་གི་ཕྱག་ཏུ་ཡོད་པས། ཞེད་སྣང་མེད་པར་མཐུན་སྒྲིལ་བྱས་ཏེ། དཀོན་མཆོག་དང་ང་ཚོ་མཉམ་མདུན་དུ་སྐྱོད་ངེས། ང་ཚོ་ནི་ཡེ་ཤུའི་རྗེས་འཇུག་པ་ཡིན་ཞིང་། སྐྱབས་མགོན་ཡེ་ཤུ་ང་ཚོའི་མདུན་ནས་ཕེབས་ཀྱི་ཡོད། འཛམ་གླིང་འདིར་ཁོང་གི་འོད་ཟེར་མཁོ། ཞེས་གསུངས་འདུག
དེ་བཞིན་ཧྥི་ལི་པིན་སི་ཡི་སྲིད་བློན་མག་ཁོ་སི་(Ferdinand Marcos Jr) ལགས་ཀྱིས། ཧྥི་ལི་པིན་སི་མི་དམངས་ཚོས་ཕོབ་གསར་པ་མཆོག་གིས་ཐུགས་རྗེ་དང་། ཤེས་རབ། སྙིང་རྗེ་ཆེན་པོས་དད་ལྡན་རྣམས་ལ་མགོ་ཁྲིད་མཛད་སྐབས་སྟོབས་ཤུགས་དང་སྐུ་གསུང་ཐུགས་གསུམ་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ཁོང་གི་མཛད་འཕྲིན་དང་སྐུ་ཚེས་ང་ཚོར་ཉིན་རེར་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་ལྷན་དུ་འགྲོ་བའི་སེམས་ཤུགས་སྩལ་བར་ཤོག ཅེས་བརྗོད་འདུག་ལ། དེ་བཞིན་ཨ་རི་དང་། དབྱིན་ཡུལ། ཨོ་གླིང་། པི་རུ། ཨོན་ཌོ་ནེ་ཤི་ཡ། ལྷོ་ཀོ་རི་ཡ། ཐའེ་ཝན། སིན་གྷ་པུར་བཅས་ཀྱི་གཞུང་སྒེར་གྱི་མགོ་ཁྲིད་ཚོས་འཚམས་འདྲི་ཞུས་འདུག
འདི་ལོའི་ཡེ་ཤུ་ཆོས་དཔོན་འོས་མིའི་ཁོངས་སུ་ཨ་རིའི་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག་དང་ཨི་ཊི་ལི་ནས་མེ་ཊོའོ་ཛིབ་པོ་(Matteo Zuppi) ལགས། པེ་ཊི་རོ་པ་རོ་ལིན་(Pietro Parolin) པེ་ཡེར་བྷ་ཊི་སི་ཊ་( Pierbattistra Pizzaballa) ལགས། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཧང་གྷེ་རི་ནས་ཡིན་པའི་པི་ཊར་ཨར་དྷོ་( Peter Erdo)། ཧྥི་ལི་པེན་སི་ནས་ཡིན་པའི་ལུ་ཡེ་སི་( Luis Antoniagokim Tagle) ལགས་དང་། ཨ་ཧྥེ་རི་ཁའི་གྷ་ན་རྒྱལ་ཁབ་ནས་ཡིན་པའི་པི་ཊིར་ཊ་རག་སོན་(Peter Turkson) བཅས་ཡོད་པའི་ཁྲོད། ཆོས་དཔོན་བྷི་ཌི་པེ་ཝེ་སི་མཆོག་ཡེ་ཤུའི་ཆོས་དཔོན་སྐབས་ ༢༦༧ པར་བདམས་ཤིང་། ཁོང་ནི་ཨ་རིར་སྐྱེས་པའི་ཡེ་ཤུའི་ཆོས་དཔོན་ཐོག་མར་གྱུར་འདུག་ལ། བདུན་འདིའི་རེས་གཟའ་ཉི་མའི་ཉིན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བསྒྲུབས་རྗེས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་གསར་འགོད་པ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག་ནི་ཨ་རིའི་ཆི་ཁ་གོར་སྐུ་འཁྲུངས། རོམ་གྱི་པོན་ཊི་ཕི་ཀལ་སློབ་གྲྭ་ཆེན་མོ་(Pontifical College of St) ནས་ཁྲིམས་ལུགས་ཐོག་འབུམ་རམས་པ་དང་། ཆི་ཁ་གོའི་ཝི་ལ་ནོ་ཝ་གཙུག་ལག་སློབ་གྲྭ་ (Villanova University ) དང་ཆོས་ལུགས་མཐུན་སྒྲིལ་ཚོགས་པར་འགྲིམས། ཁོང་གིས་ཕྱི་ལོ་ ༡༩༨༥ ནས་བཟུང་ཨ་གུ་སི་ཊི་ནི་ཡན་(Augustinian) གྱི་ལས་འགུལ་ནང་ཆོས་ཁང་གི་འགན་འཛིན་གྱི་ཕྱག་ལས་གནངས། ཕྱི་ལོ་ ༡༩༨༧ ལོར་ཆི་ཁ་གོར་དུས་ཡུན་ཐུང་ཐུང་ཞིག་བཞུགས་རྗེས་པེ་རུ་རུ་ཕྱིར་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས། ཕྱི་ལོ་ ༢༠༡༥ ནས་ ༢༠༢༣ བར་པེ་རུ་རྒྱལ་ཁབ་ཏུ་ཡེ་ཤུའི་ཆོས་དཔོན་གནངས།
གསར་འགོད་པ། དཔལ་ལྡན།