ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་དང་བོད་བརྒྱུད་ནང་བསྟན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་གྲོས་ཆོད་ཅིག་ལ་མང་མོས་གཏན་འབེབས་གནང་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་སྤྲོད་ཐབས་དང་ཆོས་དད་རང་མོས་ལ་དམ་དྲག་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པ་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་བླ་ཆེན་རྣམ་པའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ཐོག་ཐེ་ཇུས་བྱ་མི་ཉན་པའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་ཡོད་འདུག
ཡུ་རོབ་གྲོས་ཚོགས་ནང་། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་བོད་ཀྱི་བསྟན་བདག་བླ་ཆེན་རྣམས་ཀྱི་གནས་ཚུལ་ལ་ཐེ་ཇུས་བྱ་རྒྱུར་མཐའ་གཅིག་ཏུ་དགག་པ་བྱེད་ཀྱི་ཡོད་སྐོར་དང་། ལྷག་པར་ཉེ་འཆར་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་འོག ཝེ་ཐི་ནམ་དུ་སྐུ་གྲོངས་བའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གྲོངས་རྐྱེན་ལ་རང་དབང་ལྡན་པའི་ཐོག་ནས་ཞིབ་འཇུག་བྱ་དགོས་པ། དེ་བཞིན་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ (དགེ་འདུན་ཆོས་ཀྱི་ཉི་མ) གང་མགྱོགས་ཀློད་གྲོལ་གཏང་དགོས་པ་སོགས་གསུངས་འདུག
གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ནང་གི་སྲིད་ཇུས་ཀྱི་འགན་འཛིན་(ICT’s EU Policy ) ཝིན་སེན་ཌི་མི་ཊིན་(Vincent Metten) ལགས་ཀྱིས། བོད་བརྒྱུད་ནང་བསྟན་ནི་བོད་མིའི་ངོ་བོའི་མཚོན་རྟགས་ཉག་ཅིག་ཡིན་པས། རྒྱ་ནག་གཞུང་གིས་དམིགས་འབེན་ངེས་ཅན་ཞིག་གི་ཐོག་ནས་བཙན་གྱིས་བོད་མི་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་བཟོ་ཐབས་ལ་འབད་བརྩོན་བྱེད་མུས་ཡིན་པ་རེད། ཅེས་དང་། བདུན་ཕྲག་འདིའི་ནང་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན། ཡུ་རོབ་ཀྱིས་བོད་མིས་རང་དབང་གི་ཐོག་ནས་ཐོབ་ཐང་ལོངས་སྤྱོད་དང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཚུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་གནད་དོན་ཐད་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་གླེང་སློང་དགོས་སྐོར་བརྗོད་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག་གཉིས་ཀྱིས། ཉེ་སྔོན་ལུང་སྔོན་དགོན་པའི་དགོན་བདག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་དོགས་གཞི་ཅན་གྱི་གནད་དོན་དང་འབྲེལ་བའི་སྙན་ཞུ་ཞིག་ཡུ་རོབ་གྲོས་ཚོགས་སུ་ཕུལ་བ་དང་སྦྲགས། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོས་ཀྱང་ཝེ་ཐི་ནམ་གཞུང་ཚབ་ཁང་ལ་རིན་པོ་ཆེ་མཆོག་གི་སྐུ་གྲོངས་རྐྱེན་ལ་སེམས་འཚབ་ཡོད་པ་དང་འབྲེལ་བའི་ཡིག་ཆུང་ཞིག་ཀྱང་གནང་ཡོད།
ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་ཞིག་བསྒྲགས་ཏེ། བོད་ཀྱི་བསྟན་བདག་བླ་ཆེན་རྣམས་ཀྱི་ཡང་སྲིད་དང་བོད་བརྒྱུད་ནང་བསྟན་གྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་གྱི་འཁྱོག་བཤད་སྔར་ལས་ཤུགས་ཆེན་བྱེད་མགོ་བཙུགས་ཡོད་སྟབས། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཅིག་མཛད་པའི་ནང་། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱ་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། ཞེས་ཧ་ཅང་ཞལ་གསལ་པོས་གསུངས་ཡོད་པ་རེད།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༥ ཉིན་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་སྐབས། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་ལམ་ཐད་ཀྱི་གྲོས་ཆོད་དོན་ཚད་གསུམ་པ་དང་བཞི་པའི་ཁྲོད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད། ཅེས་དང་། རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པའི་ཁྲིམས་ཡིག་བརྒྱུད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཞེས་གསལ་འདུག
དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་གསུམ་བཞག་པའི་ཁོངས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་ཡང་སྲིད་བསྐོ་གཞག་བྱས་ཚེ། ཧི་མ་ཡ་ལ་མི་མང་གིས་ངོས་ལེན་གཏན་ནས་བྱ་རྒྱུ་མིན་པའི་ཁར། ཡོངས་གྲགས་ཀྱི་ཐོག་ནས་སྐྱོན་བརྗོད་བྱ་རྒྱུ་ཡིན་སྐོར་དང་། སྐུའི་ཡང་སྲིད་བདག་དབང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཕོ་བྲང་ལས་གཞན་སུ་ལའང་མེད་སྐོར་སོགས་གསལ་འདུག
གསར་འགོད་པ། དཔལ་ལྡན།