ཨ་རིའི་ཊོམ་སྲིད་གཞུང་གིས་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་ལ་བདེ་འཇགས་མེད་སྐོར་བརྗོད་དེ་རྒྱལ་སྤྱིའི་སློབ་མ་བསྡུ་ལེན་གྱི་ལས་གཞི་བཀག་སྡོམ་གནང་འཆར་ཡོད་ཀྱང་སློབ་གཉེར་ཁང་གིས་རྒྱལ་སྤྱིའི་སློབ་མ་དང་མཁས་དབང་སློབ་འཇུག་གི་ལས་གཞི་རྒྱུན་སྐྱོང་བྱེད་པར་ཆོད་སེམས་བརྟན་པོ་ཡོད་སྐོར་བསྒྲགས།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཨ་རིའི་ཊོམ་ཕུ་སྲིད་གཞུང་གིས། འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་ལ་བདེ་འཇགས་མེད་ལུགས་སོགས་བརྗོད་དེ། སློབ་ཆེན་དེས་ཆུ་ཚོད་ ༧༢ ནང་ཚུད་གནས་ཚུལ་ཁ་གསལ་མཁོ་སྤྲོད་མ་བྱས་ཚེ། ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གིས་རྒྱལ་སྤྱིའི་སློབ་མ་གསར་བསྡུའི་ལས་དོན་རྣམས་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
དེའི་ཐད་ཊོམ་སྲིད་གཞུང་གི་ནང་སྲིད་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་ཁེ་རི་སི་ཊི་(Kristi Noem) ལགས་ཀྱིས་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་ལ་ཡིག་འབྲེལ་གནང་བའི་ནང་། སློབ་ཆེན་དེས་ཨ་རི་ལ་ངོ་རྒོལ་དང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་སློབ་གྲྭར་ཞུགས་བཅུག་ཡོད་པས། སྔོན་ཆད་དང་མི་འདྲ་བར་གཙུག་ལག་སློབ་གཉེར་ཁང་དུ་བདེ་འཇགས་མེད་ཅིང་། རྒྱལ་སྤྱིའི་སློབ་མ་གསར་བསྡུ་དང་བརྗེ་ལེན་གྱི་ལས་དོན་མུ་མཐུད་གཉེར་འདོད་ཚེ། ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་ཡོད་པའི་ཡིག་ཆ་དང་། གློག་རྡུལ་ཡིག་ཚགས། སྒྲ་ཐག བརྙན་བཅས་ཀྱི་ནང་། འདས་པའི་ལོ་ལྔའི་ནང་ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་ཐོ་འགོད་བྱས་པའི་གནས་སྤོ་ཆོག་མཆན་མེད་པར་སློབ་གྲྭའི་ཕྱི་ནང་དུ་ཁྲིམས་འགལ་གྱི་བྱ་བ་གང་ཞིག་བྱས་པའི་སྐོར་གྱི་ཡིག་ཆ་རྣམས་མཁོ་སྤྲོད་དང་། དེ་བཞིན་སློབ་གྲྭའི་རྒྱལ་སྤྱིའི་སློབ་མ་རྣམས་ཀྱིས་ལས་དོན་སོགས་དང་འབྲེལ་བའི་གནད་དོན་དྲུག་གི་ཐད་ལ་ཁ་གསལ་བཟོ་དགོས་སྐོར་དང་། གལ་ཏེ་གཙུག་ལག་སློབ་གཉེར་ཁང་དེས་མུ་མཐུད་དུ་རྒྱལ་སྤྱིའི་སློབ་མ་བརྗེ་ལེན་གྱི་ལས་དོན་གཉེར་འདོད་ན། ཆུ་ཚོད་ ༧༢ ནང་གནད་དོན་དེ་དག་སྲིད་གཞུང་ལ་ཡར་ཞུ་བྱ་དགོས་སྐོར་གསུངས་ཡོད་འདུག
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གིས་དེ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཞུང་གི་བྱ་སྤྱོད་འདི་ཁྲིམས་འགལ་ཡིན། ང་ཚོས་ཧཱ་ཝར་ཌི་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་སློབ་མ་དང་མཁས་དབང་ཚོར་གནས་ཚང་མཁོ་སྤྲོད་བྱེད་པའི་ནུས་པ་རྒྱུན་སྐྱོང་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་དང་། མུ་མཐུད་རྒྱལ་ཁབ་ ༡༤༠ ལྷག་ནས་ཕེབས་པའི་སློབ་མ་དང་མཁས་དབང་རྣམས་སྣེ་ལེན་བྱ་རྒྱུར་མོས་འདུན་ཆེན་མོ་ཡོད་སྐོར་སོགས་གསལ་འདུག་ཀྱང་། འདི་ལོའི་ཕྱི་ཟླ་ ༤ ནང་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཧཱ་ཝར་ཌི་ནི་ད་ཆ་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་ཏུ་བརྩི་མི་རུང་ལ། འཛམ་གླིང་གི་སློབ་ཆེན་དང་གཙུག་ལག་སློབ་ཆེན་གྱི་མིང་དུའང་ཚུད་ཐབས་བྲལ། ཞེས་གསུངས་ནས་སྐྱོན་བརྗོད་གནང་འདུག་ལ། ཁོང་གིས་ཨ་རིའི་སྲིད་འཛིན་ཀྱི་ལས་ཁུར་ཞུས་རྗེས། མཐོ་སློབ་དེའི་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༢།༧ བཀག་སྡོམ་གནང་ཡོད་པ་རེད།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་ཐོ་གཞུང་ལྟར་ན། ཕྱི་ལོ་ ༢༠༢༤- ༢༠༢༥ ཡི་སློབ་དུས་ནང་། གཙུག་ལག་སློབ་གཉེར་ཁང་དེར་རྒྱལ་སྤྱིའི་སློབ་མ་གྲངས་ ༦༨༠༠ ཙམ་གྱིས་ཐོ་འགོད་བྱས་ཡོད་ཅིང་། ལོ་ལྟར་རྒྱ་གར་ནས་སློབ་མ་དང་མཁས་དབང་བཅས་མི་གྲངས་ ༥༠༠ ནས་ ༨༠༠ བར་གྱིས་སློབ་གླིང་དེར་སློབ་གཉེར་བྱེད་པའི་གོ་སྐབས་རག་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་སློབ་མ་ཁོ་ན་གྲངས་ ༧༨༨ ཙམ་ཡོད་འདུག
ཧཱ་ཝར་ཌི་གཙུག་སློབ་གཉེར་སློབ་ཁང་ནི་ཨ་རིའི་ནང་གི་གཙུག་ལག་སློབ་གཉེར་ཁང་རྙིང་གྲས་དང་འཛམ་གླིང་ནང་སྐད་གྲགས་ཆེ་ཤོས་ཤིག་ཡིན་ཞིང་། སློབ་གླིང་དེར་ཁྲིམས་ལུགས་དང་། ཚོང་དོན། སྒྱུ་རྩལ། སྤྱི་དམངས་འཕྲོད་བསྟེན། འཆར་འགོད་རིག་པ་སོགས་ཀྱི་ཐད་ལ་ཚད་མཐོའི་ཆེད་སྦྱོང་བྱེད་ཀྱི་ཡོད་ཅིང་། ཝེ་ཀི་རིག་མཛོད་ལྟར་ན། ལོ་ལྟར་གཙུག་ལག་སློབ་གཉེར་ཁང་དེ་ནས་ཉུང་མཐར་སློབ་མ་གྲངས་ ༩༢༠༠ ལྷག་སློབ་མཐར་ཕྱིན་གྱི་ཡོད་འདུག་ལ། ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་སྲིད་འཛིན་ཟུར་བ་སྐུ་ཞབས་ཨོ་བྷ་མ་མཆོག་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་རིག་པའི་ཐོག་སློབ་མཐར་ཕྱིན། དེ་བཞིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ན་ཀ་ཊེ་ལེ་(Natalie Portman) དང་། རྒྱ་གར་ཕྱུག་བདག་ཆེན་མོ་རོ་ཏན་ཊ་ཊ། དེ་བཞིན་ངོ་དེབ་ཀྱི་གསར་གཏོད་པ་མག་ཛུ་ལག་བྷག་(Mark Zuckerberg) ཀྱང་མཐོ་སློབ་དེར་བསྐྱོད་མྱོང་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེངྒེ་མཆོག་ཀྱང་མཐོ་སློབ་དེ་ནས་སློབ་མཐར་ཕྱིན་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།