དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་བརྒྱུད་མ་འོངས་པར་དྲ་རྒྱ་དང་མཉེན་ཆས་བཟོ་བའི་སྐབས་བོད་ཀྱི་སྐད་ཡིག་ཤེས་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས།

ཁ་སང་ཕྱི་ཚེས་ ༣༠ ཉིན་ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བརྩམས་པའི་འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག ཨ་མ་རྗེ་བཙུན་པདྨ་མཆོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། མཁན་པོ་འཇུ་བསྟན་སྐྱོང་ལགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་བྱེད་སོགས་ལྷན་འཛོམས་གནང་ཡོད་འདུག
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ཞེས་པའི་དཔེ་དེབ་བརྩམས་པའི་དགོས་དམིགས་སྐོར་ལ་དགེ་བཤེས་སྨོན་ལམ་ལགས་ཀྱིས། དེང་སང་ང་ཚོས་མཉེན་ཆས་བཟོ་བའི་སྐབས་སྐད་བརྡའི་ཐོག་ནས་འགྲོ་དགོས་ཀྱི་ཡོད་པ་རེད། དེ་ཡང་འཕྲུལ་རིག་སྐད་བརྡ་ (Software Language) ཞེས་པའི་རིགས་སྣ་ཚོགས་ཡོད་པ་རེད། དེང་གི་དུས་སུ་ཁྱབ་ཆེ་ཤོས་ནི་ཕེ་ཊོན་ཞེས་པ་དེ་རེད། བོད་ཀྱི་སྐད་ཡིག་གི་ཐོག་ལ་འཕྲུལ་རིག་ཐོག་ལ་ཆེད་ལས་རང་བཞིན་ཞིག་དགོས་ཀྱི་ཡོད། འདས་པའི་ལོ་ངོ་ ༢༢ ཙམ་རིང་དེའི་ཐོག་ལ་ཆེད་ལས་བྱས་ཏེ། དབྱིན་སྐད་དུ་ (Coding) ཞེས་མཉེན་ཆས་སྒྲིག་པའི་ (Code) འབྲི་སྟངས་དེའི་ཐོག་ཆེད་ལས་ཀྱིས་ལོ་ཁ་ཤས་རིང་བྲིས་པ་ལ་བརྟེན་ནས། དེ་རིང་སྐལ་བ་བཟང་པོ་འདིའི་སྐབས་སུ་དཔེ་དེབ་འདི་འདོན་སྤེལ་ཐུབ་པ་བྱུང་སོང་། ཞེས་དང་། དཔེ་དེབ་དེ་འདོན་སྤེལ་ཐུབ་པར་འདས་པའི་ལོ་གསུམ་ཙམ་གྱི་རིང་ལས་དོན་གཉེར་ཡོད་པ་དང་། དམིགས་བསལ་གྱིས་ཐ་སྙད་བརྒྱ་ཆ་ ༩༠ ཙམ་བོད་སྐད་ནང་མེད་པར་བརྟེན། ཐ་སྙད་གསར་པ་བཟོས་པ་དེ་དག་ཚད་ལྡན་ཡོད་མེད་དང་། ཐ་སྙད་ཁག་ཅིག་བོད་སྐད་ནང་བསྒྱུར་བར་ཕན་ཐོགས་མེད་པས་རང་སོར་བཞག་དགོས་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
མཛད་སྒོའི་ཐོག་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། དེ་རིང་འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ཞེས་པའི་དེབ་དབུ་འབྱེད་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡིན། ང་རང་དེང་དུས་ཀྱི་འཕྲུལ་རིག་སྐོར་ལ་ཤེས་རྟོགས་གང་ཡང་མེད་པས། དེའི་ཐོག་ལ་དམིགས་བསལ་ཞུ་རྒྱུ་མེད། ནམ་རྒྱུན་ངས་རྩོམ་ཡིག་འབྲི་ཡི་ཡོད། སྐབས་དེ་དུས་ཤོག་བུ་རེ་རེའི་ནང་རྩོམ་ཡིག་འབྲི་སྐབས་ཐེངས་གཉིས་སམ་དགུ་ཙམ་བཅོས་དགོས་ཀྱི་འདུག དེ་མིན་རྩོམ་ཡིག་འདོན་ཐུབ་ཀྱི་མི་འདུག བསམ་བློའི་ནང་གློག་ཀླད་ཤེས་པ་ཡིན་ན། ལས་ཀ་བཅུ་གྲངས་དེ་དུས་གཅིག་གི་ལས་ཀ་ཞིག་རེད་བསམ་གྱི་འདུག་ཀྱང་ཤེས་ཀྱི་མི་འདུག དེང་སང་འཕྲུལ་རིག་དེ་གལ་ཆེན་པོ་ཡིན་ལ་འཕྲུལ་རིག་གི་དུས་ཤིག་ཡིན་པར་བརྟེན། དངོས་གནས་ང་ཚོར་ཁ་ཚ་དགོས་གཏུགས་ཀྱིས་དགོས་ཀྱི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་འགྲོ་བར་མེད་དུ་མི་རུང་བ་ཞིག་རེད། ཅེས་དང་། འཕྲུལ་རིག་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ལེགས་པོར་བྱ་རྒྱུ་དང་། བོད་མི་རང་གི་ངོས་ནས་ཆོས་རིག་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན། འཛམ་གླིང་སྤྱི་ཡོངས་སུ་ཁྱབ་སྤེལ་གཏོང་རྒྱུ་གལ་ཆེན་ཡིན་པ་མ་ཟད། འཕྲུལ་རིག་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་སྐོར་དང་། ད་ལྟ་འཕྲུལ་རིག་གི་ཐོག་ལ་འཇུག་སྒོ་དང་པོ་འགྲེམས་སྤེལ་གནང་བ་བཞིན་མུ་མཐུད་དུ་གཉིས་པ་དང་གསུམ་པ་བྱས་ནས་སྤེལ་ཐུབ་རྒྱུ་དང་། ད་ལྟ་བར་དགེ་བཤེས་སྨོན་ལམ་ལགས་ཀྱིས་ཕྱག་ལས་གནང་བ་དེ་དག་ལོ་རེ་ནས་ལོ་རེ་ཡར་རྒྱས་ཕྱིན་ཡོད་སྐོར་དང་། མ་འོངས་པར་མུ་མཐུད་དུ་ཡར་རྒྱས་འགྲོ་ཐུབ་རྒྱུའི་རེ་བ་དང་སྨོན་ལམ་ཡོད་སྐོར། དེ་བཞིན་མ་འོངས་པར་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལས་སླ་པོའི་ཐོག་ནས་ཤེས་རྟོགས་ཐུབ་པ་ཡོང་གི་ཡོད་སྐོར་སོགས་གསུངས་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་གོ་སྟོན་དང་དུས་བཟང་སྤྱི་ལ་སྟབས་བསྟུན་ནས་དེ་རིང་དགེ་བཤེས་སྨོན་ལམ་ལགས་ཀྱིས་འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དབུ་འབྱེད་གནང་བའི་གོ་སྐབས་བྱུང་བ་དེ་རྟེན་འབྲེལ་བཟང་པོ་ཞིག་དང་། མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། རིན་པོ་ཆེས་བཀའ་གནང་བ་བཞིན་ང་ཚོ་རྒྱབ་སྐྱོར་མཚོན་པའི་ཆེད་དུ་ཡིན་པ་ལས་ནང་དོན་དེ་ཙམ་ཤེས་ཀྱི་མེད། དེ་སྔ་སྐད་ཆ་འདྲི་བའི་སྐབས་མཉེན་ཆས་བཟོ་རྒྱུའི་སྐད་བརྡ་ཆགས་ཀྱི་ཡོད་པ་གསུངས་སོང་། དེར་བརྟེན་མ་འོངས་པར་མཉེན་ཆས་གསར་པ་བཟོ་དགོས་ཚེ། ང་ཚོའི་སྤྱི་ཚོགས་ནང་བོད་པའི་སྐད་ཡིག་རང་གི་ཐོག་ནས་སྐད་བརྡ་འདི་བེད་སྤྱོད་བཏང་ནས་བཟོ་རྒྱུའི་ཡོད་པའི་མཐུན་རྐྱེན་གསར་པ་ཞིག་སྐྲུན་གྱི་ཡོད་པ་རེད། དགེ་བཤེས་སྨོན་ལམ་ལགས་ཀྱི་ཕྱག་དེབ་ལེའུ་དང་པོ་འདོན་སྤེལ་གནང་བ་བཞིན་ལེའུ་གཉིས་པ་དང་གསུམ་པ་འདོན་སྤེལ་བྱ་རྒྱུ་ཡིན་པར་སོང་། བོད་ཡིག་དང་འཕྲུལ་རིག་ལ་ཡག་པོ་ཡོད་པ་དེ་དག་གིས་དཔེ་དེབ་འདི་བེད་སྤྱོད་གཏོང་བའི་ཐོག་ནས། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་པ་དང་། དེང་དུས་ཀྱི་འཕྲུལ་རིག་དང་རྗེས་ལུས་མ་ཐེབས་པའི་ཐོག་ནས་འགྲོ་ཐུབ་རྒྱུའི་ལམ་ཞིག་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། དགེ་བཤེས་སྨོན་ལམ་ལགས་ཀྱིས་ཕྱག་ལས་གནང་ཡོད་པ་འདིའི་བརྒྱུད་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཕྱུག་པོ་ཇི་ཙམ་ཡོད་པ་ཤེས་རྟོགས་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དང་འབྲེལ་བ་ཡོད་པ་དང་གཙོ་བོ་དགེ་བཤེས་སྨོན་ལམ་ལགས་ཀྱིས་འགན་བཞེས་ནས་བཅོས་མའི་རིག་ནུས་སམ་མིས་བཟོས་རིག་ནུས་ཞེས་པའི་ཐོག་ལ་ཕྱག་ལས་གནང་ཡོད་པ་ལ་བརྟེན་ནས། ཡིག་སྒྱུར་དང་སྒྲ་སྒྱུར་སོགས་བྱ་ཐུབ་རྒྱུའི་ལས་གཞི་ཞིག་འགྲོ་མུས་ཡིན་སྐོར་དང་། དེང་དུས་ཀྱི་བཅོས་མའི་རིག་ནུས་ (AI) བེད་སྤྱོད་གཏོང་བའི་ཐོག་ནས་རྗེས་ལུས་མ་ཐེབས་པའི་གནས་སྟངས་ཤིག་ཡོང་གི་ཡོད་སྐོར། བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ལྷན་ཁང་ཁག་གི་ཡིག་ཆ་གང་ཡོད་པ་རྣམས་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་ནས་བཟུང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡིག་མཛོད་ཅིག་གསར་འཛུགས་ཀྱིས་ལས་དོན་མགོ་བརྩམས་ཡོད་སྐོར། ལྷན་ཁང་ཁག་གི་ཡིག་ཆ་ཁག་ཆ་ཚང་གྲངས་འཛིན་གྱི་ངོ་བོར་སྒྱུར་བཞིན་ཡོད་ལ། ད་བར་ལྷན་ཁང་ཁག་འགའི་ཡིག་ཆ་ཁག་གྲངས་འཛིན་གྱི་ངོ་བོར་བསྒྱུར་ཟིན་ཡོད་ལ། མ་འོངས་པར་ཞིབ་འཇུག་བྱེད་མཁན་ཡོད་པ་དེ་དག་ལ་ཡིག་སྣོད་ཕུལ་མི་དགོས་པར་བཤེར་འབེབས་བྱས་ཟིན་པའི་འཕྲུལ་རིག་གི་ངོ་བོར་ཡོད་པ་དེ་དག་འབུལ་བ་ཡིན་ན། དེའི་ཐོག་ཉམས་ཞིབ་ཚད་དང་ལྡན་པ་ཞིག་བྱ་ཐུབ་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
དཔེ་དེབ་འདིའི་ནང་གི་བརྗོད་བྱ་གཙོ་བོ་ནི་མཉེན་ཆས་ཤིག་གང་འདྲ་བཟོ་དགོས་ཀྱི་ཡོད་མེད་དང་། དེའི་འགྲོ་སྟངས་ཀྱི་སྒྲོམ་གཞི། སྐད་བརྡའི་འགྲོ་སྟངས། (CODE) འབྲི་སྟངས་སྐོར་ཡོད་འདུག་ལ། དེབ་འདི་བརྒྱུད་བོད་ཡིག་ཁོ་ན་ཤེས་མཁན་དང་བེད་སྤྱོད་གཏོང་མཁན་དེ་དག་གིས་མཉེན་ཆས་བཟོ་རྒྱུ་དང་སྦྱོང་འདོད་ཡོད་མཁན་དེ་དག་གིས་འཕྲུལ་རིག་ཐོག་ཆེད་ལས་རང་བཞིན་གྱི་མཉེན་ཆས་བཟོ་རྒྱུའི་ཐད་ཕན་ཐོགས་ཡོད་པ་མ་ཟད། ཚན་རིག་སྦྱོང་མཁན་དེ་དག་ལ་རྩིས་རྒྱབ་རྒྱུའི་ཐོག་ལ་ནུས་པ་ཆེན་པོ་ཡོད་འདུག ཕེ་ཊོན་ (Python) ཞེས་པ་དང་ད་ལྟ་མིས་བཟོས་རིག་ནུས་ཞེས་པ་དེ་དག་ལ་འཕྲུལ་རིག་སྐད་བརྡའི་འགྲོ་སྟངས་དང་ (Coding) གཅིག་མཚུངས་རེད། དྲ་རྒྱ་དང་མཉེན་ཆས་བཟོ་མཁན་ཚུད་པའི་གློག་ཀླད་ཆེད་ལས་པ་སུ་རུང་ལ་ཕན་ཐོགས་ཡོད་པ་མ་ཟད། དམིགས་བསལ་གྱིས་དབྱིན་ཡིག་མི་ཤེས་མཁན་དང་། བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་འདོད་ཡོད་མཁན་རྣམས་ལ་ཕན་ཐོགས་ཡོང་གི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།