༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷ་ར་ཏི་རཱ་ཏ་ན་དབུལ་དགོས་པའི་རྒྱ་གར་གྲོས་ཚོགས་འཐུས་མིའི་མཚན་རྟགས་བསྡུ་རུབ་ཁྲོད་གྲོས་ཚོགས་འཐུས་མི་གྲངས་ ༨༠ ལྷག་གིས་མཚན་རྟགས་བསྐྱོན་ཟིན་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙི་དང་བསྟུན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་གླེང་སྟེགས་ཚོགས་པས་བོད་དོན་རྒྱབ་སྐྱོར་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་ཤར་བསྐྱོད་གནངས་དང་གནང་མུས་ཡིན་སྟབས། རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ན་ཞེས་པ་དབུལ་དགོས་པའི་འབོད་སྐུལ་སླད་མཚན་རྟགས་བསྡུ་རུབ་གནང་མུས་ཡིན་ཞིང་། གྲོས་ཚོགས་འཐུས་མི་ ༡༠༠ ཡི་མཚན་རྟགས་བསྡུ་རུབ་བྱུང་མཚམས་སུ་རྒྱ་གར་གྱི་སྲིད་བློན་དང་སྲིད་འཛིན་མཆོག་ལ་དབུལ་རྒྱུ་ཡིན་འདུག་ལ། ད་ལྟ་རྒྱ་གར་གྲོས་ཚོགས་འཐུས་མི་ ༨༠ ལྷག་གིས་མཚན་རྟགས་བསྐྱོན་འདུག
དེའི་ཐད་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ལགས་ (Sujeet Kumar) ཀྱིས། ཚོགས་ཆུང་གི་ངོས་ནས་མཚན་རྟགས་བསྡུ་རུབ་དང་འབྲེལ་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༨༠ ལྷག་གི་མཚན་རྟགས་བསྡུ་རུབ་བྱས་ཟིན་ཡོད་ཅིང་། རྒྱ་ནག་གིས་གནོན་ཤུགས་ཇི་ཙམ་ཆེ་རུང་༧མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་གྲོས་ཚོགས་སུ་གདན་ཞུ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
ཕྱི་ལོ་ ༢༠༢༢ ཟླ་ ༨ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༠ ཡིས་མགྲིན་པ་གཅིག་གྱུར་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ན་ (Bharat Ratna) དབུལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་བྷི་རྗེ་པི་ (BJP) ཆབ་སྲིད་ཚོགས་པའི་སྣེ་ཁྲིད་པ་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་དང་། གནད་ཡོད་མི་སྣ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་དང་ཁག་ཅིག་གི་གྲོས་ཆོད་གཏན་འབེབས་བྱས་ཏེ་འབོད་སྐུལ་ཞུས་འདུག
བྷ་ར་ཏི་རཱ་ཏ་ན་ཞེས་པའི་གཟེངས་རྟགས་དེ། ཕྱི་ལོ་ ༡༩༩༠ ལོར་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཱན་ཌེལ་ལཱ་ (Nelson Mandela) དང་། ཕྱི་ལོ་ ༡༩༨༧ ལོའི་རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན (Khan Abdul Ghaffar Khan)། དེ་བཞིན་ཕྱི་ལོ་ ༡༩༨༠ ལོའི་ཡི་ཤུ་ཨ་མ་ཊི་རེ་སཱ་མཆོག་དང་། སྲིད་བློན་དམ་པ་ནེ་རུ་མཆོག་བཅས་མི་སྣ་གྲགས་ཅན་ ༥༣ ཙམ་ལ་ཕུལ་འདུག་ལ། དེ་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་ཤིག་དང་། དམིགས་བསལ་ཞབས་ཞུ་བ་དང་ཆེས་མཐོའི་བྱ་གཞག་སྒྲུབ་མཁན། ཕོ་མོ་དང་མི་རིགས་དབྱེ་འབྱེད་མེད་པར་བྱ་བཞག་སྒྲུབ་མཁན། རིག་གཞུང་དང་ཚན་རིག་ཐོག་ལ་བྱས་རྗེས་ཅན། མི་མང་ཞབས་འདེགས་ཞུ་མཁན་དག་ལ་འབུལ་སྲོལ་འདུག
བློ་བཟང་སྒྲོལ་མ།