རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཌར་ཁན་མངའ་སྡེའི་ལི་པུ་ལེག་ལ་བརྒྱུད་ནས་བོད་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་འགྲོ་མཁན་གྱི་སྡེ་ཚན་དང་པོ་དེ་བོད་དུ་འབྱོར་ཡོད་ཀྱང་སྐྱིད་གྲོང་བརྒྱུད་ནས་འགྲོ་མཁན་རྣམས་ཕྱིར་ལོག་བྱ་དགོས་ཁེལ་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་གོ་སྒྲིག་འོག རྩིས་འཕྲུལ་རྒྱན་དཀྲུག་(Computerized lottery) བྱས་པ་བརྒྱུད། རྒྱ་གར་གྱི་གནས་མཇལ་བ་མི་གྲངས ༧༥༠ ལྷག་བོད་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་སུ་གནས་མཇལ་དུ་གཏོང་གཏན་འཁེལ་ཡོད་པ་ལྟར། ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཌར་ཁན་མངའ་སྡེའི་ལི་པུ་ལེག་ལ་ ( Lipulekh Pass) བརྒྱུད་ནས་བོད་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་འགྲོ་མཁན་གྱི་སྡེ་ཚན་དང་པོ་བོད་དུ་འབྱོར་ཡོད་ཀྱང་། ཉིན་ཤས་གོང་བོད་སྐྱིད་གྲོང་ཕྱོགས་སུ་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་སྐྱོན་བྱུང་བར་བརྟེན། སྐྱིད་གྲོང་བརྒྱུད་བོད་དུ་གནས་མཇལ་ལ་འགྲོ་མཁན་རྣམས་བལ་ཡུལ་དུ་ཕྱིར་ལོག་དགོས་བྱུང་ཡོད་འདུག
རྒྱ་གར་དུས་བབ་གསར་ཁང་ལྟར་ན། ཁ་སང་བོད་དུ་འབྱོར་བའི་རྒྱ་གར་གྱི་གནས་མཇལ་བའི་ཁྲོད། བུད་མེད་གྲངས་ ༡༣ ཚུད་པའི་གནས་མཇལ་བ་ ༤༥ ཡོད་ཅིང་། ཁོང་ཅག་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཌར་ཁན་མངའ་སྡེའི་ལི་པུ་ལེག་ལ་བརྒྱུད་བོད་ནང་འཛུལ་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཕྱིར་ལོག་དགོས་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་སྐྱིད་གྲོང་དུ་ཆུ་ལོག་དང་ས་རུད་ཤུགས་ཆེན་བྱུང་སྟེ། རྒྱ་ནག་དང་བལ་བོའི་མཛའ་བརྩེའི་འབྲེལ་ཟམ་ཟེར་བའི་ཟམ་ཆེན་དེ་ཆུས་ཁྱེར་ཡོད་སྟབས། བལ་ཡུལ་ནས་སྐྱིད་གྲོང་དུ་འགྲོ་མཁན་རྒྱ་གར་གྱི་གནས་མཇལ་བ་ ༢༣ ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ལ་ལོག་དགོས་བྱུང་། ཁོང་ཚོ་ནི་རྒྱ་གར་གྱི་མོམ་བྷེ་གྲོང་ཁྱེར་དང་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་གར་གྱི་མི་སེར་ཁག་ཅིག་བཅས་ཡིན་འདུག
གཞན་ཡང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་སྣ་ཐོད་ལ་(Nathu La) བརྒྱུད་ནས་བོད་ནང་དུ་གནས་མཇལ་དུ་ཕྱིན་ཡོད་ཅིང་། དེ་ནི་མི་ལོ་ལྔ་ཡི་རྗེས་སུ་སྣ་ཐོད་ལ་བརྒྱུད་ནས་བོད་དུ་གནས་མཇལ་ལ་འགྲོ་མཁན་གྱི་སྡེ་ཚན་དང་པོ་དེ་ཡིན་འདུག་ལ། བོད་ནང་དུ་ཉིན་གྲངས་ ༡༠ ལྷག་གནས་སྐོར་བྱས་རྗེས་ཕྱིར་ལོག་ཡོད་འདུག
འདི་ལོའི་གནས་མཇལ་བའི་ནང་མི་གྲངས་ ༥༠ ཅན་གྱི་སྡེ་ཚན་མི་འདྲ་བ་ ༡༥ རུ་བགོས་ཡོད་པའི་ཁྲོད། སྡེ་ཚན་ལྔས་རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཌར་ཁན་མངའ་སྡེའི་ལི་པུ་ལེག་ལ་ ( Lipulekh Pass) བརྒྱུད་ནས་གནས་མཇལ་དུ་འགྲོ་རྒྱུ་དང་། སྡེ་ཚན་བཅུས་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་སྣ་ཐོད་ལ་(Nathu La) བརྒྱུད་ནས་གནས་མཇལ་དུ་འགྲོ་རྒྱུ་ཡིན་ཞིང་། རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཌར་ཁན་མངའ་སྡེའི་ལི་པུ་ལེག་ལ་འགྲོ་མཁན་གྱི་གནས་མཇལ་བ་རེ་རེས་འགྲུལ་གླ་སོགས་ཧིན་སྒོར་འབུམ་༡།༧༤ དང་། སྣ་ཐོད་ལ་ནས་འགྲོ་མཁན་ཚོས་ཧིན་སྒོར་འབུམ་ ༢།༨༣ སྤྲོད་དགོས་ཀྱི་ཡོད་འདུག་ལ། སྡེ་ཚན་ཚང་མའི་གནས་མཇལ་དུས་ཡུན་བདུན་ཕྲག་གཉིས་ཡིན་འདུག
གནས་མཆོག་གངས་རིན་པོ་ཆེ་ནི་བོད་ཀྱི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བྱང་རྒྱུད་ཀྱི་མ་ཕམ་གཡུ་མཚོའི་ཉེ་ཁུལ་དུ་ཆགས་ཤིང་། ནང་པ་དང་ཧིན་དྷུ། རྗེའུ་ཆོས་ལུགས། བོན་བཅས་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་ལ། ལོ་ལྟར་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་བ་ནི་ལོ་གསར་པ་ཞིག་གི་ཆོས་ཕྱོགས་ཀྱི་འགྲུལ་བཞུད་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལ། བོད་རང་དབང་རང་བཙན་ཡིན་པའི་སྐབས་སུ་གནས་མཆོག་དེར་བཀག་སྡོམ་གང་ཡང་མེད་ཀྱང་། བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་རྗེས་གངས་རིན་པོ་ཆེ་སོགས་སུ་གནས་སྐོར་དུ་འགྲོ་བར་སྟངས་འཛིན་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།