རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཡི་ཤུའི་ཆོས་དཔོན་ཕོབ་ལིའོ་བཅུ་བཞི་པ་མཆོག དེ་བཞིན་གཅེར་བུ་བའི་བླ་ཆེན་ཨཱཅཱརྱ་ལོ་ཀེ་ཤི་མུ་ནི་མཆོག ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་པཱ་ཀི་སི་ཐན་གྱི་བུད་མེད་ལ་འདྲ་མཉམ་གྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་པ་མཱ་ལཱ་ལཱ་ཡོ་ས་ཧྥི་ཛའེ་བཅས་ལ་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་དབུལ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་ཧའེ་ཌི་སྐྱེད་མོས་ཚལ་ (Hyde Park) དུ། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ (International Council of Jurists) ཀྱི་གོ་སྒྲིག་འོག རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞི་བདེའི་རྒྱལ་སྤྱིའི་གོམ་བགྲོད་དབུ་འཛུགས་མ་གནང་བའི་ཉིན་གཅིག་གི་སྔོན་དུ་འབྲེལ་ཡོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་ཡེ་ཤུའི་ཆོས་དཔོན་ཕོབ་ལིའོ་བཅུ་བཞི་པ་ (Pope Leo XIV) མཆོག་དང་། གཅེར་བུ་བའི་བླ་ཆེན་ཨཱཅཱརྱ་ལོ་ཀེ་ཤི་མུ་ནི་ (Acharya Lokesh Muni) མཆོག ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཱ་ལཱ་ལཱ་ཡོ་ས་ཧྥི་ཛའེ་ (Malala Yousafzai) ལགས་བཅས་ལ་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་ (International Jurists Peace Prize 2025 ) དེ་འདི་ལོའི་ཕྱི་ཟླ་ ༩ པའི་ནང་དབུལ་གཏན་ཁེལ་ཡོད་པ་ཡོངས་གྲགས་གནང་འདུག་ལ། གོམ་བགྲོད་ཀྱི་ལས་རིམ་དེ་ནི་ནཱ་གཱ་སཱ་ཀིའི་རྡུལ་ཕྲན་མཚོན་ཆ་འབར་རྫས་ (Nagasaki Atomic Bombing) ཀྱིས་གཏོར་སྐྱོན་བཏང་བའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༨༠ འཁོར་བའི་དུས་དྲན་ཡིན་འདུག
ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་ཨ་ཌི་ཤི་ཨཀ་གྷར་ཝ་ལ་ (Dr. Adish C. Aggarwala) ལགས་ཀྱིས། འཛམ་གླིང་ནང་འཁྲུག་རྩོད་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཡེ་ཤུའི་བླ་ཆེན་ཕོབ་ལིའོ་བཅུ་བཞི་པ་མཆོག གཅེར་བུ་བའི་བླ་ཆེན་ལོ་ཀེ་ཤི་མཆོག འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མཱ་ལཱ་ལཱ་ལགས་བཅས་ནི་མིའི་རིགས་ཀྱི་དཔེ་མཚོན་ལེགས་ཤོས་ཤིག་ཡིན་པ་མཚོན་གྱི་ཡོད། ཅེས་བརྗོད་དེ། ཧི་རོ་ཤི་མ་དང་ནཱ་གཱ་སཱ་ཀིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་སྐར་མ་གཅིག་རིང་ངག་བཅད་ཀྱིས་མྱ་ངན་ཞུ་རྒྱུ་ཡིན་འདུག
དེ་རིང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་ཕུལ་བའི་ནང་། ༧མགོན་པོ་གང་ཉིད་མཆོག་ནས་རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བ་དང་། འཛམ་གླིང་ཞི་བདེ། དེ་བཞིན་བྱམས་སྙིང་རྗེ་གོང་འཕེལ་བཅས་ཀྱི་ཐོག་མཛད་རྗེས་རླབས་ཆེན་བསྐྱངས་དང་སྐྱོང་གནང་མཛད་པར་ཆེ་བསྟོད་དུ་ཕུལ་བ་ཞིག་ཡིན་སྐོར་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་ཡོད་ཀྱང་། གལ་སྲིད་༧གོང་ས་མཆོག་དངོས་སུ་ཕེབས་སྟབས་བདེ་བོ་མ་བྱུང་ཚེ། འོས་འཚམ་གྱི་དུས་ཚོད་ཅིག་བཟོས་ཏེ་བཞུགས་སྒར་དྷ་རམ་ས་ལར་དངོས་སུ་བཅར་ནས་གཟེངས་རྟགས་དེ་དབུལ་རྒྱུ་ཡིན་སྐོར་ཞུས་འདུག
འདི་ལོའི་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་དེ་༧མགོན་པོ་གང་ཉིད་མཆོག་དང་། ཨཱ་ཅཱརྱ་ལོ་ཀེ་ཤི་མུ་ནི་མཆོག ཕོབ་ལིའོ་བཅུ་བཞི་པ་མཆོག དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཱ་ལཱ་ལཱ་ལགས་བཅས་ལ་དབུལ་གཏན་འཁེལ་བ་ནི། ཁོང་རྣམ་པས་འཛམ་གླིང་ཞི་བདེ་དང་དྲང་བདེན་སོགས་ཀྱི་ཆེད་དུ་དཔེ་མཚོན་རང་བཞིན་གྱི་རླབས་ཆེན་མཛད་རྗེས་བཞག་གནང་བར་ཆེ་བསྟོད་དུ་ཕུལ་བ་ཞིག་ཡིན་སྐོར་གསལ་འདུག
ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་གསར་འཛུགས་གནང་ཡོད་འདུག་ལ། ཚོགས་པ་དེའི་ནང་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་མཁས་པ་རྣམས་མཉམ་རུབ་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་འཁྲུག་རྩོད་མེད་པའི་ཐོག་ནས་དྲང་བདེན་དང་འདྲ་མཉམ་གྱི་འཕེལ་རྒྱས་བསྐྲུན་རྒྱུར་དམིགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད། ལྷན་ཚོགས་ལ་ཁྲིམས་ལུགས་གོང་འཕེལ་དང་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་གལ་ཆེན་ཡོད་པར་བརྟེན། དྲང་བདེན་གྱི་སྤྱི་ཚོགས་ཤིག་ཡོང་བར་རིན་མེད་ཐོག་ཁྲིམས་མཐུན་གྱི་ལས་དོན་གང་མང་སྒྲུབ་བཞིན་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།