བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སུ་ཤཱི་ལ་ཀཱར་ཀི་ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཟུར་པ་སུ་ཤཱི་ལ་ཀཱར་ཀི་ (Sushila Karki) ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་འོས་འདེམས་བྱུང་ཡོད་པ་ལྟར། དེ་རིང་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཁོང་མོར་འཚམས་འདྲིའི་འཕྲིན་ཡིག་ཅིག་ཕུལ་ཏེ། ཁོང་མོའི་མ་འོངས་པའི་ལས་དོན་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་འཚམས་འདྲིའི་འཕྲིན་ཡིག་དེའི་ནང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། ངས་ཁྱེད་རང་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་དུ་བསྐོས་པར་མཛའ་བརྩེའི་འཚམས་འདྲི་ཞུ། ད་ལན་ཁྱེད་རང་སྲིད་བློན་དུ་བསྐོས་པ་དེས་བལ་ཡུལ་མི་མང་གིས་ཁྱེད་ཀྱི་མགོ་ཁྲིད་ཀྱི་ནུས་པ་དང་ཕུགས་འདུན་ལ་གདེང་ཚོད་དང་ཡིད་ཆེས་ཡོད་པ་མཚོན་ནུས། བལ་བོད་གཉིས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆོས་ལུགས་དང་། རིག་གཞུང་སོགས་བརྗེ་ལེན་བྱས་ཏེ་ཕན་ཚུན་གོང་བསྐུར་དང་འབྲེལ་ལམ་དམ་ཟབ་ཡོད། ངས་གོ་སྐབས་འདི་བརྒྱུད་ནས་བལ་ཡུལ་གཞུང་མང་གཉིས་ཀྱིས་འདས་པའི་མི་ལོ་བཅུ་ཕྲག་ལྷག་རིང་ལྷག་བསམ་དང་གཏོང་ཕོད་ཀྱི་ཐོག་ནས་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་བར་ཡི་རངས་ཞུ་ཡི་ཡོད། ཅེས་གསུངས་འདུག
ཡང་ཚོགས་གཙོ་མཆོག་གིས། ཁྱེད་ཅག་གི་རྒྱབ་སྐྱོར་ལ་བརྟེན་ནས་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་། གོམས་གཤིས་སོགས་བདག་གཅེས་དང་། སྤྱི་ཚོགས་གཞན་ལ་དར་རྒྱས་གོང་འཕེལ་གཏོང་བར་རོགས་འདེགས་གནང་ཡོད། ང་ཚོས་ཁྱེད་རང་གིས་བལ་ཡུལ་མི་མང་གི་རེ་འདུན་སྐོང་ཐུབ་པ་དང་མུ་མཐུད་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། ཅེས་གསུངས་འདུག
ཤཱི་ལ་ཀཱར་ཀི་ལགས་ནི་ཕྱི་ལོ་ ༡༩༥༢ ལོའི་ཟླ་ ༦ ཚེས་ ༧ ཉིན་བལ་ཡུལ་ཤཱན་ཀཱར་པུར་ (Shankarpu) ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༢ ལོར་ཌི་རི་བྷུ་ཝན་གཙུག་ལག་སློབ་གཉེར་ཁང་(Tribhuvan University) ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱས། ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་བྷ་ན་ར་སི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་ནས་ཆབ་སྲིད་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༧༨ ལོར་ཌི་རི་བྷུ་ཝན་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་རིག་པའི་སློབ་གཉེར་བྱས།
ཕྱི་ལོ་ ༡༩༩༠ ལོའི་མི་མང་ལས་འགུལ་ཁྲོད་མཉམ་ཞུགས་བྱས་རྐྱེན་བཙོན་ཁང་དུ་བཅུག་པ་དང་། རྗེས་སུ་ཁོང་མོས་ཀཱ་རཱ་ཞེས་པའི་བརྩམས་སྒྲུང་ཞིག་བྲིས། ཕྱི་ལོ་ ༢༠༠༩ ནས་བཟུང་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་དཔོན་དུ་བསྐོ་བཞག་གནང་། ཉེ་སྔོན་བལ་ཡུལ་ནང་གཞོན་སྐྱེས་རྣམས་ཀྱིས་བལ་ཡུལ་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་རྐྱེན། སྲིད་བློན་ཤར་མ་ཨོ་ལིས་དགོངས་པ་ཞུས་ཡོད་པ་དང་། ཤཱི་ལ་ཀཱར་ཀི་ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་བསྐོ་བཞག་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།