༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པའི་ལྟ་གྲུབ་དང་ནང་པའི་དགེ་སློང་ལ་འཛམ་གླིང་མི་མང་གིས་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱིན་འདུག་པས་དངོས་གནས་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་སྐོར་སོགས་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
དེ་རིང་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ། བློ་གསལ་གླིང་གི་བསྒྲུབ་བྱ་ ༥༤ ལ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསླབ་གཞི་ཡོངས་སུ་རྫོགས་པར་དགེ་སློང་གི་སྡོམ་པ་བསྩལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དགེ་ཚུལ་སློང་གི་སྡོམ་པ་དང་ལྡན་པའི་ཐོག་ནས་སངས་རྒྱས་པའི་བསྟན་པའི་ཞབས་འདེགས་སྒྲུབ་མཁན་ཡག་པོ་ཞིག་ཡོང་ཐུབ་རྒྱུར་ཚང་མས་ཧུར་ཐག་བྱ་དགོས་པའི་བཀའ་སློབ་བསྩལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོ་བོད་རིགས་ཉུང་ཤས་ཤིག་ཟེར་དགོས་ནའང་། འཛམ་བུ་གླིང་འདིའི་སྒང་ནས་དགེ་ཚུལ་སློང་བསྒྲུབ་ཡ་དེར་དམིགས་བསལ་དོ་སྣང་བྱེད་ཡོང་གི་འདུག་གཱ། དངོས་གནས་སྤོབས་པ་སྐྱེས་པའི་ཟོལ་ཞིག་འདུག ཕྱི་རྒྱལ་གྱི་ལུང་པ་ཁག་ནས་ནང་པའི་ལྟ་སྒྲུབ། ནང་པའི་དགེ་སློང་ལ་དངོས་གནས་དམིགས་བསལ་གྱིས་དོ་སྣང་དང་དགའ་མོས་བྱེད་མཁན་ཡོང་གི་འདུག་གཱ། དེ་དངོས་གནས་ང་ཚོ་རང་བཞིན་གྱིས་སྤོབས་པ་སྐྱེ་ཡ་ཞིག་རེད་འདུག ངོས་རང་བཙན་བྱོལ་བ་ཆགས་ནས་ནོར་བུ་གླིང་ག་ནས་བྲོས་ཡོང་བའི་ཁ་ཐུག་དེར། རབ་བྱུང་བསྙེན་རྫོགས་ཁྱོན་ཆེན་པོ་བསྒྲུབ་རྒྱུ་ཡོང་གི་རེད་བསམ་པ་ཁྱོན་ནས་མེད། ཡིན་ཡང་། དངོས་ཡོད་ཀྱི་གནས་ཚུལ་ལ་རིམ་པས་ལྷ་སའི་སྐྱིད་ཆུ་བརྒལ་ནས་ལ་བརྒལ། དེ་ནས་ཕར་བྱས་ནས་གང་ལྟར་དགེ་ཚུལ་སློང་བསྒྲུབ་ཡ་ཇེ་མང་ཇེ་མང་བྱུང་། ང་ཚོ་འདི་དག་གིས་དགེ་ཚུལ་སློང་གི་སྡོམ་པ་བསྒྲུབས། དགེ་ཚུལ་སློང་གི་སྡོམ་པ་དང་ལྡན་པའི་ཐོག་ནས་སངས་རྒྱས་པའི་བསྟན་པའི་ཞབས་འདེགས་སྒྲུབ་མཁན་ཡག་པོ་ཞིག་ཡོང་ཐུབ་རྒྱུ་ཞིག ཚང་མས་ཧུར་ཐག་བྱོས། ཞེས་གསུངས་འདུག
ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ནས་ཞོགས་པ་ཡར་གཉིད་སད་པ་དང་ངོས་རང་དགེ་སློང་ཞིག་ཡིན། ངོས་རང་ནས་དགེ་ཚུལ་སློང་གི་ཉམས་ལེན་དང་ལྡན་པའི་ཐོག་ནས་རོགས་པ་ག་ཚོད་མང་མང་ཞིག་གིས་དགེ་ཚུལ་སློང་གི་སྡོམ་པ་བླངས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་མཁན་གྱི་དགེ་སློང་དངོས་གནས་སྤུས་དག་པོ་དེ་འདྲ་ཞིག་ག་ཚོད་ཡོང་ཡོང་བྱ་ཐུབ་ན་བསམ་དྲན་གྱི་འདུག དེ་རིང་འདིར་བསྙེན་རྫོགས་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་རེད། ངོས་རང་ལ་ཆ་བཞག་ནའང་ལྷ་སའི་ཇོ་བོའི་སྐུ་མདུན་ལ་བསྙེན་རྫོགས་བསྒྲུབས་ནས། སྟག་བྲག་རིན་པོ་ཆེའང་ཡོད་རེད། དེ་ནས་གླིང་རིན་པོ་ཆེ་སྐྱབས་སུ་མཆི། ངོས་རང་ལ་དཔེ་ཆ་འཁྲིད། གཞུང་ཆེན་གྱི་ཀློག་འདོན་གནང་མཁན་གྱི་དགེ་རྒན་དངོས་གནས་དྲང་གནས་འགྲན་ཟླ་བྲལ་བ་ཞིག་རེད། ད་ཁོང་གི་སྐུ་དྲིན་གྱིས་ངོས་རང་གིས་དཔེ་ཆ་ཏོག་ཙམ་ཤེས་ཀྱི་ཡོད་རེད། ད་རང་གིས་ཤེས་པ་འདི་གཞན་ལ་༧རྒྱལ་བའི་དགོངས་པ་དང་མཐུན་པ་བྱས་ནས་ཡག་པོ་བྱས་ནས་ངོ་སྤྲོད་བྱ་ཡ་ཞིག་ཡིན་གདའ། ཞེས་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆེད་ཕེབས་གནང་བ་དང་བསྟུན། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་དགེ་འདུན་པ་ཞལ་གྲངས་ ༥༡ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད་འདུག ད་ལན་ཐེངས་དྲུག་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་འབྲས་སྤུངས་སྒོ་མང་གི་དགེ་འདུན་པ་དང་། རྫོང་དཀར་ཆོས་སྡེའི་དགེ་འདུན་པ། བློ་གསལ་གླིང་གི་དགེ་འདུན་པ། སྲས་རྒྱུད་གྲྭ་ཚང་གི་དགེ་འདུན་པ་སོགས་ལ་སྡོམ་པ་འབོག་འཇོག་མཛད་དང་མཛད་མུས་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།