རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་ཟེར་བས་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་འབོད་སྐུལ་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་ལྟར། ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་སྐབས་རྡོ་རྗེ་བཀྲ་ཤིས་ལགས་ལ་བསྐྱར་དུ་ཁྲིམས་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། འབོད་སྐུལ་གྱི་སྙན་ཞུ་ཡི་གེ་དེ་རྒྱ་ནག་ནང་ཁུལ་གྱི་མང་ཚོགས་བསམ་ཚུལ་དྲ་ཚིགས་(舆论网) ཐོག་ཏུ་སྤེལ་ཡོད་ཀྱང་། རྗེས་སུ་དྲ་ཚིགས་དེའི་ཐོག་ནས་ནག་གསུབ་བཏང་ཡོད་འདུག
དེའི་སྐོར་ལ་ས་དཀར་བཀྲ་ཤིས་ལགས་ཀྱིས་འདི་གའི་གསར་འགོད་པར། ཉེ་ལམ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ལ་མ་ཉེས་ཁ་གཡོགས་བྱས་པའི་གྱོད་དོན་ལ་བསྐྱར་དུ་ཁྲིམས་ཞིབ་བྱ་དགོས་པའི་འབོད་སྐུལ་སྙན་ཞུ་ཞིག་ཕུལ་ཡོད་པར་བརྟེན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཁག་ཅིག་གིས་རྡོ་རྗེ་བཀྲ་ཤིས་ཀྱི་ནང་མིར་འབྲེལ་བ་བྱས་ཏེ་ཁོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད་པ་དང་། ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཁག་ཅིག་ནས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་སྙན་སེང་ཞུས་ཡོད་འདུག གང་ལྟར་དེ་ནི་ལོ་ངོ་ ༡༧ རྗེས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་འཐུས་མིས་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་སྐོར་ལ་རྒྱུས་ལོན་བྱས་པ་ཐེངས་དང་པོ་ཆགས་ཡོད། དེ་ནི་སྔོན་མ་དང་བསྡུར་ན་ཅུང་མ་འདྲ་བ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། ད་ལྟའི་ཆར་མགོན་པོ་སྐྱིད་ལགས་ཀྱི་གཟུགས་པོ་བདེ་བོ་མེད་སྟབས། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་མཐོ་རིམ་ཁྲིམས་ཁང་སོགས་སུ་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། ལོ་གསར་གྱི་སྐབས་སུ་ལྷ་ས་གྲོང་ཁྱེར་གྱི་བཙོན་ཁང་དང་ཁྲིམས་ཁང་ཁག་ཏུ་ཡོངས་ཁྱབ་ཀྱི་སྙན་ཞུ་བྲིས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་ནང་མིར་ཐུག་འཕྲད་བྱ་ཆོག་པའི་འབོད་སྐུལ་ཞུས་འདུག དེ་བཞིན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པ་གཉིས་ཀྱིས་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་དེ་བོད་རང་སྐྱོང་ལྗོངས་ནང་གི་མ་ཉེས་ཁ་གཡོགས་ཀྱི་གྱོད་གཞི་ཨང་དང་པོ་ཡིན་པའི་ཁྲིམས་རྩོད་མུ་མཐུད་བྱེད་བཞིན་ཡོད་སྟབས། རྒྱ་ནག་ནང་ཁུལ་དུ་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་སྐོར་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་གསང་བའི་ཐོག་ནས་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིར་ཁྲིམས་རྩོད་པར་ཐུག་འཕྲད་ཀྱིས་ཞུ་གཏུགས་བྱེད་པའི་ཐོབ་ཐང་དང་རྡོ་རྗེ་བཀྲ་ཤིས་ལགས་སུའང་བཙོན་ཁང་དུ་ཐུག་འཕྲད་ཙམ་ཡང་བྱེད་དུ་འཇུག་གི་མེད་པ་རེད།
རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་ཐབས་སུ་ཁོང་གི་ནང་མིས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ཉིན་ཐོག་དང་པོར་སྙན་ཞུ་སྤྲད་ནས་ད་སྔ་བར་ལོ་ངོ་དྲུག་རིང་སྙན་ཞུ་མཚམས་ཆད་མེད་དུ་སྤྲད་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཟེར་བའི་གྲྭ་བཞི་བཙོན་ཁང་གི་དོ་དམ་འབྲེལ་ཡོད་ལས་བྱེད་ཚོས་ཁ་གཡར་ས་འདྲ་མིན་ལ་བསྙད་བཏགས་ནས་རྡོ་རྗེ་བཀྲ་ཤིས་ལུགས་སུ་ཐུག་གི་བཅུག་མེད་པ་རེད་ལ། རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་པ་ནས་ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་དང་གཅེན་མོ་མགོན་པོ་སྐྱིད། ད་དུང་མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་སོགས་ཀྱིས་ཁྲིམས་གཏུགས་དང་ཞི་རྒོལ་ལས་འགུལ་རིམ་པ་སྤེལ་ནའང་། རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལ་བཅད་པའི་དྲང་བདེན་མིན་པའི་ཐག་གཅོད་ལ་འགྱུར་བ་གང་ཡང་བཏང་མེད་ཁར། རྡོ་རྗེ་ཚེ་བརྟན་དང་མགོན་པོ་སྐྱིད། ཆོས་སྐྱོང་གསུམ་ལྷ་སའི་ཉེན་རྟོག་པས་རྡུང་རྡེག་བཏང་བ་དང་འཛིན་བཟུང་སོགས་བྱས་མྱོང་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༨ ཉིན་མགོན་པོ་སྐྱིད་ལགས་ཀྱིས་རང་ཉིད་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་མོ་བཙན་གྱིས་གཡག་མགྲོན་ཁང་དུ་བཅུག་སྟེ་ཕྱི་རུ་ཐོན་བཅུག་མེད་པས། ཨ་ཆད་འུ་ཐུག་གིས་གཡག་མགྲོན་ཁང་གི་ཐོག་རྩེག་གཉིས་པ་ནས་མཆོངས་ཏེ་རང་སྲོག་གཅོད་རྩིས་བྱས་ཡོད་པར་བརྟེན། པུས་མོ་དང་སྐེད་པ་སོགས་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་ནའང་དུས་ཐོག་ཏུ་སྨན་བཅོས་བྱེད་དུ་བཅུག་མེད་སྟབས། སྒོ་ཕྱི་ནང་དུ་འགྲོ་བར་དཀའ་ངལ་འཕྲད་ཡོད་པས་རང་ཁྱིམ་དུ་སྨན་བཅོས་བྱས་ཡོད་པ་རེད། མགོན་པོ་སྐྱིད་ལགས་ཀྱིས་སྔ་གཞུག་ཏུ་ཐེངས་བཅུ་གྲངས་ཤིག་ལ་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་དང་འབྲེལ་ཡོད་ཁྲིམས་ཁང་སོགས་ཀྱི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་བཙོན་འཇུག་ཁྲིམས་ཐག་ལོ་ ༡༠ བཅད་པ་དེར་བསྐྱར་དུ་ཁྲིམས་བཤེར་དགོས་པའི་རེ་འབོད་ལས་འགུལ་སྤེལ་ཡོད་པ་དང་། ཁོང་མོ་ཐེངས་མང་ཉེན་རྟོག་པས་བཙན་འཁྲིད་བཀག་ཉར་དང་གཅར་རྡུང་སྡིགས་ར་བསྐུལ་ཏེ་ཕ་ཡུལ་དུ་བཙན་སྐྱེལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་རེ་འབོད་ལས་འགུལ་མཚམས་བཞག་མེད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




